བྱང་གཏེར་ལུགས་ཀྱི་ཐེག་དགུ་གང་ཡིན།
བྱང་དྭངས་ར་ཁྱུང་རྫོང་ནས་གཏེར་བཞེས་པའི་བོན་གྱི་ཐེག་པ་སྟེ། དང་པོ། སྣང་ལྡན་ཐེག་པ། གཙོ་བོར་འདུལ་ཁྲིམས་བསྲུང་སྟེ་ཉོན་མོངས་ཀྱི་དགྲ་བཅོམ་པའི་ཐབས་ལ་འཇུག་པའི་ཐེག་པ།
གཉིས་པ། རང་ལྡན་ཐེག་པ། གཅོ་བོར་རྟེན་འབྲེལ་བཅུ་གཉིས་ཀྱི་དོན་རྟོགས་པར་བྱེད་དེ་འཁོར་བ་སྤོང་བའི་ཐབས་ལ་འཇུག་པའི་ཐེག་པ།
གསུམ་པ། བཞེད་ལྡན་ཐེག་པ། ཕར་ཕྱིན་བཅུའི་ཉམས་ལེན་གྱིས་ས་བཅུར་བགྲོད་དེ་སངས་རྒྱས་པའི་ཐབས་ལ་འཇུག་པའི་ཐེག་པ།
བཞི་པ། ཐོ་ཐོའི་ཐེག་པ། གཙོ་བོར་སེམས་ཅན་ཐབས་ཅད་ལ་ཚད་མེད་པའི་སྙིང་རྗེའམ་སེམས་བསྐྱེད་དེ་བྱང་ཆུབ་སྒྲུབ་པའི་ཐབས་ལ་འཇུག་པ།
ལྔ་པ། ཕྱི་ཐོའི་ཐེག་པ། གཙོ་བོར་འཕན་ཡུལ་རྒྱས་པ་འབུམ་གྱི་བོན་ཉམས་སུ་ལེན་པའི་ཐེག་པ།
དྲུག་པ། ཡ་ཐོའི་ཐེག་པ། ཆབ་དཀར་ཆབ་ནག་གི་བོན་རྣམས་གྱེར་སྒོ་བཞིའི་སྒོ་ནས་ཉམས་ལེན་བྱེད་པའི་ཐེག་པ།
བདུན་པ། ལྷ་རྩེའི་ཐེག་པ། ཡི་དམ་ཞི་བ་དང་ཁྲོ་བོ་སྒོམ་སྒྲུབ་ཀྱི་སྒོ་ནས་བྱང་ཆུབ་བགྲོད་པའི་ཐེག་པ།
བརྒྱད་པ། སྣང་རྩེའི་ཐེག་པ། དབྱིངས་ཤེས་དབྱེར་མེད་ཀྱི་གནས་ལུགས་ཉམས་སུ་བླངས་ཏེ་ཡི་དམ་ལྷ་ཡི་གོ་འཕང་སྒྲུབ་པའི་ཐེག་པ།
དགུ་པ། ཡང་རྩེའི་ཐེག་པ། རྫོགས་ཆེན་གྱི་ཐེག་པ་སྟེ་གཤིས་ཀྱི་གནས་ལུགས་ཉམས་སུ་བླངས་ཏེ་ཕུང་པོ་ལྷག་མེད་དུ་སངས་རྒྱས་སྒྲུབས་པའི་ཐེག་པ་བཅས་སོ།། །།