བྱ་ཕོ་མ་རོག་གུ་ཟེར་བ་གང་འདྲ་ཡོད་དམ།
དྲི་བ་འབུལ་མཁན། དགེ་མིང་པ། བཀའ་ལན་གནང་མཁན། ལྷ་ཐོག་དགེ་བཤེས།
དྲི་བ། བོན་གཞུང་མང་པོ་ཞིག་ལས་རང་རིག་དང་ཏིང་ངེ་འཛིན་སོགས་ཀྱི་དཔེ་ལ་བྱ་ཕོ་མ་རོག་གུ་དང་འདྲའོ། ཞེས་པའི་བྱ་ཕོ་མ་རོག་གུ་དེ་གང་འདྲ་ཡོད་དམ།
ལན། བོན་གཞུང་ཁམས་ཆེན་དང་དྲི་མེད་གཟི་བརྗིད། དེ་བཞིན་རྒྱུད་དང་སེམས་ཕྱོགས་ཀྱི་བོན་འཁོར་མང་པོའི་ནང་བྱ་ཕོ་མ་རོག་གུ་དང་འབྲེལ་བའི་དཔེ་མང་པོ་ཞིག་ཐོན་ཡོད། དེ་ཡང་འདིར་དཔེ་མཚོན་འགའ་ཞིག་ལུང་འདྲེན་བྱ་ན། ཤེས་རབ་ཀྱི་ཕར་རོལ་དུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་ཁམས་ཆེན་ནས་ལུང་དྲངས་པ། “ རང་རིག་མངོན་དུ་ཤར་བ་བྱ་ཕོ་མ་རོ་གུ་དང་འདྲ་བ་ནི་དོན་ལ་མ་རིག་པ་མི་མངའ་བའི་དཔེ་བྱད་དང་། ” ཞེས་དང་། སྟོན་པའི་རྣམ་ཐར་རྒྱས་པ་དྲི་མེད་གཟི་བརྗིད་ལས། “ རྒྱལ་པོ་ལགས། རྒྱལ་བུ་འདིའི་རང་རིག་མངོན་དུ་གྱུར་པ་ནི་བྱ་ཕོ་མ་རོག་གུ་དང་འདྲ་བ་ཞིག་གདའོ། ། ” ཞེས་དང་། ཡང་དེ་ཉིད་ལས། “ རྒྱལ་པོ་ལགས། རང་རིག་མངོན་དུ་གྱུར་པ་བྱ་ཕོ་མ་རོག་གུ་དང་འདྲ་བ་ནི། རྒྱལ་བུ་ལ་དོན་མ་རིག་པ་མི་མངའ་བའི་དཔེ་བྱད་ལགས་སོ། ། ” ཞེས་དང་། ཡང་། རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས། “ གཞན་སྣང་མཁྱེན་པ་བྱ་ཕོ་མ་རོག་གུའི་དཔེ། ” ཞེས་སོགས་དང་།
ལྷ་གཉན་ཤེལ་སྒང་ལས། “ རང་རིག་ཤར་བ་བྱ་ཕོ་མ་རོག་གུ་འདྲ་བ་དོན་ལ་མ་རིག་མི་མངའི་དཔེ། ” ཞེས་དང་། ཡང་དེ་ཉིད་ལས། “ རང་རིག་མངོན་དུ་ཤར་བ་བྱ་ཕོ་མ་རོག་གུ་ལྟར་དོན་མ་མཐོང་བ་མེད་པ། ” ཞེས་དང་། ཡང་གེ་ཁོད་གསང་བ་དྲག་ཆེན་གྱི་རྒྱུད་ལས། “ བསྐྱེད་རྫོགས་ཐབས་ཤེས་ལམ་འདི་ནི། །གོལ་དང་ལྟུང་བ་འདི་ལ་མེད། །ཐེག་པ་འོག་མའི་འདྲེན་ཐག་སྟེ། །ཁྱད་པར་ཐེག་པའི་གཞི་ཉིད་ཡིན། དེ་ཕྱིར་ཕོ་མ་རོག་གུའི་མིག་དང་འདྲ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་བྱ་དང་བྱ་གཤོག་ཚུལ། སྣང་ཚད་ཤེས་ཚད་ལམ་དུ་ཤར། ” ཞེས་དང་། ཡང་། དེ་ཉིད་ལས། “ གསང་བའི་ལམ་འདི་ཐབས་ཤེས་ཏེ། །བྱ་ཕོ་མ་རོག་གུའི་མིག་དང་འདྲ། །མར་ནི་འོག་གི་ལམ་འདྲེན་ལམ། །ཡར་ནི་ཁྱད་པར་རང་གྱུར་ལམ། །དེ་ཕྱིར་ལམ་འདི་ཐབས་ཤེས་ཉེ་བའི་ལམ། ། ” ཞེས་སོགས་མང་པོ་བྱུང་བ་འདི་ཚོའི་སྐོར་འགའ་ཞིག་གིས་བྱ་ཕོ་མ་རོག་གུ་ནི་བྱ་ཕུག་རོན་རེད་ཟེར་བ་དང་། ཡང་འགའ་ཞིག་གིས་བྱ་རིགས་གཞན་ཞིག་ཡིན་པ་སོགས་བཤད་ཚུལ་འགའ་ཞིག་འདུག་ཀྱང་། འདིར་དཔེ་གཞུང་གཞན་དག་ལས་བྱུང་བ་རྣམས་ཕན་ཚུན་གོ་བསྡུར་བྱ་ན་བྱ་ཕོ་མ་རོག་གུ་ནི་ཡོངས་གྲགས་ཀྱི་བྱ་རོག་གམ་ཕོ་རོག་ཅེས་པའི་བྱ་འདི་རང་ཡིན་པར་སྙམ་སྟེ། གསང་སྔགས་མཇུག་ཆོག་གི་འགྲེལ་ཉི་ཟེར་དྲ་བའི་ཀུན་སྣང་གི་ཏིང་འཛིན་བསྟན་སྐབས། “ མཐོང་བའི་ཚད་ནི། ཐམས་ཅད་ཐུགས་རྗེས་བཟུང་བའི་ཡུལ་དུ་མཐོང་། གནས་པའི་ལུགས་ནི། སྙིང་རྗེ་བདག་ཕྱོགས་མེད་པའི་ངང་ལ་གནས། མཐུན་པའི་དཔེ་ནི། བྱ་ཕོ་རོག་གི་མིག་ལྟ་བུ་སྟེ། ཕོ་རོག་དེ་ཡང་མཐོ་ཡམ་ཤིང་དྲང་པོའི་ཁ་ལ་འབབ་སྟེ། གཟུགས་མ་འགྱུར་མགོ་དྲང་པོར་བཞིག་སྟེ་མིག་ཐད་ཀ་ལ་བལྟས་པས་སྟེང་ན་ཅི་འགྲོ་བ་དང་། འོག་ན་གང་གནས་པ་ཀུན་དུས་གཅིག་ཏུ་མཐོང་བ་བཞིན། ཀུན་དུ་སྣང་གི་ཏིང་འཛིན་ལ་བློ་བཞག་པའི་དུས་ན། གང་གི་དེ་བཞིན་ཉིད་སྟོང་ཞིང་བདག་མེད་པ་ཡང་མཐོང་། འོག་གི་དེ་ལྟར་མ་རྟོགས་པའི་སེམས་ཅན་གྱི་སྡུག་བསྔལ་ཡང་མཐོང་སྟེ། མདོར་ན་ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས། མ་ཐ་དམྱལ་བའི་འཇིགས་ཚོགས་ཡན་ཆད་རིག་ཅིང་རྟོགས་པའོ། །” ཞེས་འདིར་ཀུན་སྣང་གི་ཏིང་ངེ་འཛིན་གྱི་དཔེར་འཇོག་སའི་བྱ་ཕོ་རོག་དང་། གོང་གི་གེ་ཁོད་གསང་བ་དྲག་ཆེན་གྱི་རྒྱུད་དང་། འབུམ་དང་ལྷ་གཉན་ཤེལ་སྒང་སོགས་ནས་བྱུང་བའི་ཐབས་ཤེས་མ་འགག་པའི་དཔེ་དང་། རང་རིག་མངོན་དུ་གྱུར་པའི་དཔེ་སོགས་འཇོག་སའི་བྱ་ཕོ་མ་རོག་གུ་གཉིས་ནི་གཞི་གང་ལ་བརྟག་ཀྱང་གཅིག་ཡིན་པར་ངེས་སོ། །
སྤྱིར་བྱ་ཕོ་རོགས་འདི་བོད་པའི་སྤྱི་ཚོགས་ཁྲོད་གནས་བབ་གལ་ཆེན་འཛིན་མཁན་གྱི་བྱ་རིགས་དམིགས་བསལ་བ་ཞིག་རེད། འདི་དང་འབྲེལ་བའི་ལོ་རྒྱུས་དང་གནས་ཚུལ་གང་མང་ཞིག་ཡོད་དེ། དེའང་བོད་མིའི་ངག་རྒྱུན་དུའང་བྱ་ཕོ་རོག་གི་མིག་ལ་མངོན་ཤེས་ཡོད་པས་དེ་ལ་བརྟེན་ནས་ཚྭ་ཚོང་མགྲོན་པོ་སོགས་ལམ་ནོར་སྐབས་བྱ་རོགས་ཀྱི་འཕུར་ཕྱོགས་དང་སྐད་ལ་བརྟག་ནས་རང་གི་དམིགས་ཕྱོགས་ཀྱི་གནས་དེར་འབྱོར་ཐུབ་ཚུལ་དང་། ཡང་བྱ་རོག་གི་སྐད་ལ་བརྟག་ནས་རིང་མིན་མགྲོན་པོ་དང་གནས་ཚུལ་ཇི་འབྱུང་ཧ་གོ་ཐུབ་པ་སོགས་བཤད་སྲོལ་ཡོད། བཤད་རྒྱུན་འདི་དག་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་འདུག་སྟེ། འདུས་པ་རིན་པོ་ཆེ་དྲི་མེད་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས། “ བྱ་ལ་དཔག་པའི་བྱ་བཞི་ཡོད། །ཤ་ཟན་གླག་མོ་སྐད་ཀྱི་དཔག །དུང་ཁྲ་ཧོར་པ་རྩལ་གྱི་དཔག །སྒམ་ཁྱེར་ཕ་ཝང་སྨྲ་བའི་དཔག །ཕོ་མ་རོག་གུ་མིག་གི་དཔག ” ཅེས་སོགས་ལ་བརྟག་ན་ཤེས་སླ།
དེ་མིན་གནའ་བོའི་སྤྱི་ཚོགས་ཁྲོད་བྱ་རོགས་ཀྱི་ཚང་དང་འབྲེལ་བའི་མཚན་ཉིད་བརྟག་ཚུལ་ཡང་ཡོད་དེ། དཔེར་ན། བྱ་རོག་གིས་ཚང་ལྕང་མ་དང་ཤུག་སྡོང་གི་ཤར་ཕྱོགས་དང་། ཡང་ན་བྲག་གཡང་མཐོ་སར་གསོག་ན་མི་ཕྱུག་ལ་ནད་མེད་པ་དང་ཆར་ཆུ་བཟང་བ་དང་། ཡང་ཤིང་སྡོང་སོགས་ཀྱི་ལྷོ་ངོས་དང་ཡང་ན་བྲག་གཡང་དམའ་སར་ཚང་བཅའ་ན་ནད་མང་བ་དང་ལོ་ལེགས་མི་ཡོང་བའི་རྟགས་ཡིན་པར་སྨྲ། དེ་བཞིན་ལྕང་གསེང་དབུས་མ་དང་བྲག་གསེང་དཀྱིལ་མའི་ངོས་སོགས་གཞན་གྱིས་མཐོང་མི་ཐུབ་པའི་སར་ཚང་བཅའ་ན་དམག་འཁྲུག་དང་མུ་དགེ་སོགས་འབྱུང་བའི་བརྡ་ཡིན་པར་བཤད། ཡང་ནམ་དུས་བཞིན་ཚོང་གསོག་པའི་དུས་ཚོད་ཕྱི་ཤུལ་བྱུང་ན་ལོ་དེར་ཕྱུག་རིགས་ལ་ངན་ཏེ་ནམ་ཟླའི་སོས་མགྱོགས་པོ་འབུད་མི་ཐུབ་པའི་སྔོན་བརྡ་ཡིན་པར་སྨྲ། དེ་འབྲེལ་ཆུ་འཕྱར་དང་གད་ཡབ་སོགས་ཆེས་དམའ་སར་ཚང་གསོག་ན་ལོ་དེར་མི་བདེ་བར་འབྱུང་བར་ངེས་སོགས་བཤད་སྲོལ་དུ་མ་ཞིག་ཡོད་འདུག
གཞན་སྡེའི་ཆོས་ཕྱོགས་ནས་བྱ་རོག་ནི་མགོན་པོ་དང་ཆོས་སྐྱོང་གི་བླ་རྟགས་ཡིན་པ་སོགས་བཤད་ཡོད་ལ། དེ་འབྲེལ་དུས་རབས་བཅུ་བདུན་ཡས་མས་ནང་བྱོན་པའི་དགེ་ལྡན་པའི་བླ་མ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་རིན་པོ་ཆེས་མཛད་པའི་བྱ་རོག་སྐད་ཀྱི་བརྟག་པ་སོགས་ཀྱི་བསྟན་བཅོས་ཀྱང་བཞུགས་ཡོད།
བོན་གྱི་ལོ་རྒྱུས་ནང་བྱ་རོག་གམ་བྱ་ཕོ་མ་རོག་གུ་དང་འབྲེལ་ཏེ། བྱ་དེའི་རང་བཞིན་དང་གནས་བབ། བྱ་བྱེད་དང་གཤིས་ཀ་སོགས་ལ་འབྲེལ་བའི་གཏམ་རྒྱུད་ཅིག་<< འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་བདུད་ཁམས་ཐར་པར་བཀོད་པའི་མདོ། >> ཞེས་པ་ལས་གསལ་བ་ཞིག་འདིར་དཔེ་སྟོན་ཚུལ་དུ་དྲངས་ཡོད། “ སྔོན་སྟག་གཟིག་གི་ཡུལ་བྱ་མ་གོང་སང་བྱ་བའི་བདུད་རྩི་སྨན་ཤིང་གི་ནགས་ཚལ། བྲག་ཀུན་དགའ་འོད་འཕྲོའི་གནས་ལ། འདབ་ཆགས་ཀྱི་རྒྱལ་པོ་ཤ་ཟན་ཀླག་པོ་སྟོང་བཟང་ལ། ཁབ་ཀྱི་ཆེན་ཆུན་གཉིས་བདོག་སྟེ། དེ་ཡང་བྱང་ཁ་སྣང་བརྒྱད་ཀྱི་གླིང་ན། བྱ་ཕོ་མ་རོག་གུའི་བུ་མོ་ཤེས་ལྡན་མ་དང་། ལྷོ་ཡུལ་མོན་དྲུག་གི་གླིང་ན། འོལ་བ་འདབ་སེར་གྱི་བུ་མོ་འུ་ལེ་མ་གཉིས་བདོག་པ་ལ། དེ་ལ་ཤ་ཟན་ཀླག་པོ་སྟོང་བཟང་ནི། བྱ་བརྒྱའི་ནང་ན་ཁ་དྲག་ཅིང་ཀུན་ལ་འཛིགས་པ། བྲག་དམར་གྱི་རྫོང་ལ་འཁྲས་པ། རི་སུམ་གྱི་རྩེ་ལ་ལྡིང་བ། གོང་སུམ་གྱི་སྲང་ལ་འགྲིམ་པ། བརྒྱུག་ཆེན་གྱི་ཇག་ལ་འགྲོ་བ། ཤལ་ཆེན་གྱི་དམག་ལ་ཆས་པ། ཉིན་གཅིག་ལ་བརྒྱུག་ཐེབས་ཐང་གསུམ་བསྐོར་བ། གཞན་དག་གི་དོན་ཤ་ལོན་པ་ཞིག་བྱུང་སྟེ། བསོད་ནམས་དང་ཁ་དྲག་ཕུན་སུམ་ཚོགས་པ་རུ་ཡོད་དོ། །
དེ་ནས་ཁོའི་ཁབ་ཆེན་ཆུན་གཉིས་མ་དུམ་ནས་ཆགས་སྡང་རྩོད་དེ། འུ་ལེ་མས་སྨྲས་པ། ནག་པོ་གདོང་བཟང་གི་བུ་མོ་ཤེས་ལྡན་ནག་ཆུང་མ། ཁྱེད་ལ་ཤ་ཟན་གླག་པོ་སྟང་བཟང་གི་ཆབ་སྲིད་འཛིན་པ་དང་། ཞབས་ནས་འདེགས་པའི་ཁ་རྗེ་ཅི་ཡོད། ལར་ཕ་མིང་ལ་མ་ཚད་པའི་བུ་སྲིང་། མོ་སྒོ་བཟང་བཟང་མ་བྱེད། མཐོང་མཐོང་མགྲོན་ལ་མ་འབོད། མ་མཐོང་བྱ་ར་མ་འཛུགས། སྟང་ལ་དབུལ་ཆུ་མ་བླུད། བྲེ་སྲོག་ཕུལ་གྱིས་མ་གཅོད། ཕྱར་དང་འཕྱོ་ར་མ་ཆེ། ཁྱོད་ཀྱི་ཕ་གདོང་བཟང་དེ་ཁར་རྩང་བྱང་འབྲོག་ཇག་པ་རྐྱ་བདུན་ལ་རྐུ་རུ་སོང་ཙ། རྟ་རྔས་འགག་ལ་ཟིན། གཞུ་རྒྱུད་ཀྱིས་སྙིང་ལ་གཟེར་ནས། འཆི་བའི་ནད་ཀྱི་ཟིན་ནས་ཡོད་ཟེར་བ་ཁྱེད་ཀྱིས་ཨི་ཚོར། རྗེ་བོ་ཁར་རྩང་བྱོན་ནས་བྱུང་བའི་སྐད་ཡིན་པས། བདེན་ངེས་པ་ནི་ཐག་ཆོད་དུ་སྣང་། ཁྱོད་ཀྱི་ཕ་ལ་ཕོ་མ་རོག་གུའི་མིག་ཡོད་ཟེར་ཙ། ཁར་རྩང་ཅི་ཡི་བཀབ། ཅེས་ཟེར་བ་ལ།
ཤེས་ལྡན་མ་ཡང་ཐང་ཅིག་བྲེད་ནས། སྙི་ཡིས་ཟིན་ཟེར་བ་ཨེ་བདེན། ཡང་གཅིག་བལྡབ་ནས་དྲི་ན་བསམ་པ་ལ། ཡང་དྲན་པས་ཟིན་ནས། མོ་ཡི་ཆགས་སྡང་ཡང་ཨེ་ཡིན། རྗེ་བོ་དེར་ཆགས་ཕེབས་ན་འདིར་ཡང་འབྱོན་ངེས་པས། མི་བདེན་པ་ཡང་ཨེ་སྲིད་བསམ་ནས་སྨྲས་པ། འུལ་བ་འདབ་སེར་ཀྱི་བུ་མོ་འུ་ལེ་མ། ཁྱོད་ལ་ཤ་ཟན་ཀླག་པོ་སྟང་བཟང་གི་ཆབས་སྲིད་འཛིན་པ་དང་། ཞབས་ནས་འདེག་པའི་ཁ་རྗེ་ཅི་ཡོད། ལར་དེ་བས་ཀྱང་ཕ་མིང་ལ་མ་ཚད་པའི་བུ་སྲིང་། ཁྱོད་ཡོད་པ་ཕུགས་སུ་མ་སྐུངས། མེད་པ་མི་ལ་མ་ཚོལ། ཐབས་དང་མི་ཁ་མ་བསྡུ། རྗེ་བོར་མི་ཁ་མ་བཀྲམ། བྲན་འཁོར་མུ་གེས་མ་གསོད། ཁར་རྩང་ལྷོ་ཁར་མོན་དྲུག་ནས། བློན་ཆེན་ཐེ་བ་བྱུང་བའི་ཁ་སྐད་ལ། ན་ནིང་མོན་རྗེ་རྒྱལ་པོས། འོལ་བ་མིག་སེར་བྱང་དུ་ཚྭ་ལེན་བཏང་པས། ཚྭ་མ་ལོན་ན་བྱུང་པ་ལ། ད་ལོ་བཀྱོན་པ་ཕབས་ནས། མོན་ཕྲུག་རྣམས་ཀྱིས་མདའ་བསྐོར་ནི་བྱེད། མོན་མོ་རྣམས་ཀྱིས་ཐལ་བྱད་ནི་གཏོང་། ལྷོ་ཤིང་འོད་མའི་ཁ་ལ་བརྒྱངས་ནས། ཐར་མེད་ཀྱི་བཙོན་ལ་ནི་བཟུང་། འཆོར་མེད་ཀྱི་ཁྲམ་ལ་ནི་ཐེབས། སྡུག་བསྔལ་གྱི་ཁང་པར་ནི་ཚུད་ནས་ཡོད་ཟེར་བ་ཁྱོད་ཀྱིས་ཨེ་ཚོར། ང་ཡི་ཕ་དེ་དེ་ཙམ་གྱི་སྙིང་ལ་ཟིན་པ་ཞིག་ཡིན། ཁོ་བྱང་འབྲོག་གི་ཇག་པ་ལ་རྐུ་མི་དགོས་དང་། བྱང་ཁ་སྣང་བརྒྱད་ཀྱི་གོད་ཤ་བདག་མེད་ལ་བཟའ། རྣལ་འབྱོར་རྣམས་ཀྱིས་སྦྱིན་པ་ཕྱོགས་མེད་ལ་བསྐྲུ། གཙང་རྒྱལ་གྱི་ལུ་མ་རྙོགས་མེད་ལ་འཐུང་ཞིང་། བྱང་ཐང་བྲེ་འུ་གར་ཡགས་ཀྱི་འགོ་ལ་བབས་ནས། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་མན་ཆད་ལ་ལྟས་མོ་གཟིགས་ཤིང་བཞུགས་པའི་མི་ཟིན་ཁ་མེད། གལ་ཏེ་གཟན་ཚོལ་དུ་བྱོན་ཡང་། གཞན་དག་གི་ཁམས་ལ་སྤྱད་པས། རང་ཉིད་ཀྱིས་གོམ་ཚོད་ཟིན་པ། བཞིན་ལེན་གྱིས་སྟབས་ཀ་གཟབས་པས། སྤང་དཀར་གྱི་སྟེང་དུ་ནག་ཁབ་རྩེ་ཙམ་ཞིག་སྣང་ཡང་། རང་ཁྲེལ་གྱིས་མ་གོས་པའི་ཟིན་མཛད་ཅིང་བྱོན་ནས། གོང་ན་ཀང་ཀ་རྒོད་མིན་པ་མེད་པས་དེ་མི་འབྱུང་ཁ་མེད། ཁྱོད་ཀྱི་ཕ་འདབ་ཆགས་ཀྱི་བྱ་ལ་གཏོགས་ཀྱང་རྐང་གཉིས་མི་ཡི་བྲན་དུ་ཡིན་པས། དེ་ལ་སོགས་བྱུང་། ཞེས་ཟེར་རོ། །
དེ་ལ་ཡང་བུ་མོ་འུ་ལེ་མའི་སྙིང་མ་སྡུག་ནས་སྨྲས་པ། ནག་ཆུང་ཁྱོད་ཕ་བུ་ལ་སྲིད་པ་དེ་སུས་བསྐོས། ཀང་ཀ་རྒོད་ལ་འགྲན་པས། གདོང་བཟང་གི་སྤྱན་མིག་ཨེ་མི་འབུད། ང་ཡི་ཕ་མོན་ཡུལ་དུ་འདུག་ཀྱང་། ལན་རེ་མོན་གྱི་མགྲོན་དཔོན་དང་། བྱང་དུ་ཁམ་གསེར་དུ་བྱོན་ཡང་། དབྱར་གསུམ་མི་སྡེ་ལ་ཁྲལ་བསྡུ། སྟོན་གསུམ་བྱང་ནས་ཚྭ་ཁ་ལ་རྒྱབ་བཀལ་ནས། བྱང་མི་མེད་གྱི་ཡུལ་དུ་ལམ་བཏོད། ལྷོ་ཚྭ་མེད་ཀྱི་མོན་ལ་གསེར་འགྱེད་ཅིང་། མོན་ཕྲུག་དང་རྒྱལ་བློན་རྣམས་ཀྱིས་མདུན་ནས་བསུ་ཞིང་། རྒྱལ་མཁར་གྱི་བད་ལ་འདུག་སྟེ། ཨ་ལ་ལ་ཚོང་དཔོན་བྱོན་ཟིན། ནམ་པ་ཆེའམ་ཟེར་ནས། འབྲས་དཀར་གྱི་བཅུད་དང་། འབྲས་ཆང་གི་དངས་ལ་འཐུང་ཞིང་། རྒྱལ་ཁམས་ཀྱི་ལོ་རྒྱུས་རྣམས་འཆད་པས། དེ་ལྟ་བུ་མི་འབྱུང་ཁ་མེད། ཁྱོད་དང་འོ་སྐོལ་གཉིས་གྱི་ཕ་གཉིས་འདབ་ཆགས་ཡིན་པ་འདྲ་ཡང་། བསོད་ལྡན་གྱི་མི་དང་། འདབ་ཆགས་དབུལ་ཕོངས་ཀྱི་བྱ་ཙམ་ཞིག་རྒྱུགས་ངེས། ཞེས་ཟེར་ནས། སོ་སོ་རུ་མ་འཆོམས་ནས། བྱ་རོག་གིས་འོལ་བའི་སྒོང་གཅག་པ། འོལ་བས་བྱ་རོག་གི་གླད་པ་གེམས་པ་རུ་ཁས་བློངས་སོ། །” ཞེས་ཆེས་ཚིག་གི་བྲོ་བ་དང་དོན་གྱི་གསོན་ཉམས་ལྡན་པའི་སྒྲུང་འདི་ཇི་འདྲའི་ངོ་མཚར་ཅན་ཞིག་རེད་འདུག་སྙམ་མོ། །།