བོནད་ཡུལ་ཞེས་པ་བོད་ཡུལ་དུ་ཇི་ལྟར་འགྱུར་བ་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། དྭང་ར་བ།
དྲི་བ། བོད་ཀྱི་ཡུལ་ལ་བོནད་ཡུལ་ཅེས་འབོད་ཀྱིན་ཡོད་ཀྱང་། ཕྱིས་སུ་བོད་ཅེས་རྗེས་འཇུག་ན་དེ་བསུབ་མཁན་སུ་དང་དུས་རབས་གང་དུ་ཡིན།
ལན། བོན་གྱི་རྒྱལ་རབས་ལོ་རྒྱུས་ཁུངས་མ་རྣམས་སུ་”བོནད་ཡུལ”་ཞེས་བྲིས་ཡོད་པ་ད་བར་གསལ་གསལ་པོར་མ་མཇལ། འོན་ཀྱང་ཡིག་རྙིང་འགར་གཞན་ལ་གདམས་ངག་སྟོན་པར་”བོནད” ཞེས་བྲིས་ཡོད་པ་ནི་མཇལ་ཐུབ་པ་ཞིག་རེད། དེ་བཞིན་དུ་ཏུན་ཧོང་ནས་ཐོན་པའི་བཙན་པོའི་སྐབས་ཀྱི་དོན་ཆེན་གནད་བསྡུས་སུ་བཀོད་པའི་ཡིག་ཆ་སོགས་ལས། “བཙན་པོ་མཙན་ཁྲྀ་སྲོང་ལྡེ་བརྩན་དུ་བོནད།” ཞེས་སོགས་གསུངས་ཡོད།
བོནད་དང་བོད་གཉིས་མིང་བརྗེས་སྲིད་པའི་བསམ་ཚུལ་གཅིག་ནི། ངག་དབང་རྒྱ་མཚོའི་(ཏུང་ཧོན་ཡིག་རྙིང་ལས་བོན་དང་བོན་པོ་ཞེས་པའི་ཐ་སྙད་ཀྱི་གོ་དོན་མཐའ་དཔྱོད།) ལས “p.t.1038 ལས། ཡུལ་དང་མཁར་དུ་བཅས་པ་སོ་སོ་ཡུལ་བདེ་བཞི་ལས། སྤུ་རྒྱལ་པོན་གྀ་བཙན་པོ་ལྡེའུ་རྒྱལ་པོ་ཐོད་རྒྱལ་བྱུང་སྟེ། ཞེས་པ་འདི་ལས་སྤུ་རྒྱལ་པོན་གྀ་བཙན་པོ་ཞེས་བོན་དང་བོད་གཉིས་བརྗེ་སྤོར་བྱས་ཡོད་པ་གསལ། “ ཞེས་ཏུན་ཧོང་གི་གཏེར་ཡིག་ནང་གི་”པོན”ནམ་ “བོན་”ཞེས་པ་སྐབས་དེར་ཡུལ་གྱི་མིང་ལ་འཇུག་གིན་ཡོད་པར་བཤད།
“བོད་ཡུལ” ཞེས་པ་ནི་ ”བོནད་ཡུལ” ཞེས་པ་ལས་བྱུང་ཡོད་སྲིད་པའི་དཔྱད་བརྗོད་བོད་མི་ཞིག་གིས་ཐོག་མར་ཡོངས་གྲགས་སུ་གནང་མཁན་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་རེད་ཅེས་སྨྲ་ཆོག དེའང་ཁོང་གི་རྒྱལ་རབས་དེབ་དཀར་ལས “གཡུང་དྲུང་བོན་རྣམས་ཀྱི་ལྟར་ན། ཐོག་མར་བོན་ཀྱི་ཡུལ་ཅེས་གྲགས་པ་ལ་རྗེས་སུ་བོད་ཀྱི་ཡུལ་ཞེས་ཟུར་ཆག་པ་ཡིན་ནོ་ཞེས་ཟེར་རོ། བོད་དང་བོན་གཉིས་དོན་གཅིག་གོ་བྱ་བ་འདི་ངེས་པར་བཞད་གད་སློང་བའི་གཏམ་དུ་སྣང་མོད་ཀྱི། ཅུང་ཟད་ཅིག་བསམ་དགོས་པ་ཡང་ཡིན་ཏེ། དེ་ཡང་རྗེ་གནམ་རི་སྲོང་བཙན་ཡན་ལ་འདི་ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས། མིང་དེ་སྐད་གྲགས་ཀྱང་ཡ་མཚན་རྒྱུ་ཆེར་མེད་ལ། རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཡུལ་ལ་ཕོན་གྱི་ཡུལ་ཞེས་འབོད་པ་ཡང་བོན་ཅེས་བྱ་བའི་སྒྲ་དང་ཉེ་བས་སོ། དེར་མ་ཟད་གནའི་ཐ་སྙད་ལ་རྗེས་འཇུག་ད་ན་གཉིས་ཕན་ཚུན་བརྗེས་པའང་ཤིན་ཏུ་མང་སྟེ། དཔེར་ན་བཙན་པོ་དང་བཙད་པོ། ཆུན་པོ་དང་ཆུད་པོ་སོགས་རེས་མོས་སུ་བྲིས་པ་བཞིན་བོན་དང་བོད་གཉིས་ཀ་ཡང་ཕན་ཚུན་བརྗེ་སྲིད་པས་སོ། སོག་ཡུལ་འགར་ཡང་བོན་ལུགས་བྱེད་པ་དག་ལ་བོད་དམ་པོ་ཞེས་ཐ་སྙད་ཆགས་པར་འདུག” ཅེས་སོགས་གསུངས་ཡོད།
གལ་ཏེ་དེ་ལྟར་བོནད་ནས་བོད་དུ་ཆགས་ཡོད་སྲིད་ཚེ་མཐོ་སྒང་བོད་ཡུལ་འདིར་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་སུ་“བདུན་པ་མང་སངས་རུས་དགུས་དབང་བྱས་ཏེ། ཡུལ་གྱི་མིང་ནི་བོད་ཀ་ཉ་དྲུག་ཟེར” ཞེས་ཡ་ཐོག་ནས་བོད་ཅེས་པའི་ཐ་སྙད་བྱུང་ཡོད་པར་སྨྲ་མཁན་ཚོས་ནན་དཔྱད་གནང་དགོས་པ་ཞིག་རེད་དྲན།