བོན་སྤྱོད་ཕྱག་སྐོར་སྐབས་ཀྱི་ཀུན་སློང་ཁུར་སྟངས་ཇི་ལྟར་ཡིན་ནམ།
རྩོམ་བྲིས་པ། ཁྱུངཿ སྨོན་ལམ། དྲི་བ་ཞུ་མཁན། རྩོམ་སྒྲིག་པ། (རྩོམ་འདིའི་ཡོང་ཁུངས་རྩོམ་པ་པོའི་ཟིན་བྲིས་(གཏོ་ཡི་བཀའ་སྒྲོམ) ལས་དྲངས།)
དྲི་བ། བོན་སྤྱོད་ཕྱག་སྐོར་སྐབས་ཀྱི་ཀུན་སློང་ཁུར་སྟངས་ཇི་ལྟར་ཡིན་ནམ།
ལན། གྲུབ་མཐའི་རྒྱལ་པོ་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པའི་བདག་ཉིད་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་འགྲོ་དྲུག་སེམས་ཅན་ཐམས་ཅད་སངས་རྒྱས་པའི་ཐབས་ལམ་མང་པོ་ཞིག་གསུངས་པའི་ནང་གསེས་ཕྱག་སྐོར་སྒྲིབ་སྦྱོང་སྐབས་ཀྱི་བསམ་བློའི་ཀུན་སློང་ཁུར་སྟངས་ལས།
ཐོག་མར་ཕྱག་འཚལ་སྐབས་རང་གི་སྤྱི་གཙུག་ཏུ་དྲིན་ཆེན་རྩ་བའི་བླ་མ་སོགས་སྐྱབས་གནས་རྣམས་བསྒོམ་པའི་དྲུང་དུ་བདག་ལུས་སྟོང་གསུམ་གྱི་རྡུལ་ཕྲན་ཙམ་དུ་གྱུར་ནས་དེ་དག་རེ་རེས་ཀྱང་དུས་གསུམ་དྲིན་ཆེན་ཕ་མ་སྡང་དགྲ་གནོད་བགེགས་ཀྱི་གཙོར་བྱས་པའི་སྐྱེ་འགུལ་སེམས་ཅན་མང་པོས་སྣ་དྲངས་ཏེ་དད་མོས་གུས་པའི་སྒོ་ནས་ས་ཐང་མེ་ལོང་འདྲ་བའི་སྟེང་དུ་རྐང་གཉིས་བཤིབ་ནས་བརྫིས་པས་ངན་སོང་གསུམ་གྱི་སྐྱེ་སྒོ་ཁེགས་པར་བསམ། ལག་གཉིས་ཡར་བཀྱགས་པས་སོར་བཅུ་མཆོད་འབུལ་གྱི་ལྷ་མོ་བྱེ་བ་ས་ཡས་སྐྱབས་ཡུལ་རྣམས་ལ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་བས་མཉེས་ཤིང་དགྱེས་ནས་བདག་སོགས་ཕ་མའི་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་པར་བསམ། ཐལ་མོ་སྤྱི་བོར་སྦྱར་བས་ལུས་ཀྱི་སྒྲིབ་པ་བྱང་བར་བསམ། ཐལ་མོ་མགྲིན་པར་སྦྱར་བས་ངག་གི་སྒྲིབ་པ་བྱང་བར་བསམ། ཐལ་མོ་ཐུགས་ཀར་སྦྱར་བས་ཡིད་ཀྱི་སྒྲིབ་པ་བྱང་བར་བསམ། ལག་མཐིལ་ཁ་ཕྱེས་པས་འོད་ཟེར་ཕྱོགས་བཅུར་འཕྲོས་ནས་སེམས་ཅན་རྣམས་ལ་ཕོག་པས་བདེ་བར་གཤེགས་པའི་ཐུགས་རྗེས་འཛིན་ཞིང་དགེ་བའི་བར་ཆོད་ཞི་བ་དང༌། ལུས་དྲང་པོ་ཤད་དེ་བསྲང་བས་སྐྱེ་བའི་སྡུག་བསྔལ་ཞི། ལུས་གུས་པར་སྒུར་བས་རྒས་པའི་སྡུག་བསྔལ་ཞི། ཡན་ལག་དང་པུས་མོ་ས་ལ་གཏུགས་པས་ན་བའི་སྡུག་བསྔལ་ཞི། ཐོད་པ་ས་ལ་གཏུགས་པས་འཁྲུལ་སྣང་རྩད་ནས་ཆོད་དེ་འཆི་བའི་སྡུག་བསྔལ་ཞི། མཐིལ་བཞི་ས་ལ་བརྫིས་པས་བདུད་བཞི་ཟིལ་གྱིས་གནོན་པར་འགྱུར་བར་བསམ། དེ་ལྟར་ལུས་ཕྱག་ཡན་ལག་ལྔ་ལྡན་གྱིས་ཕྱག་བྱ་ཞིང༌། ངག་ཕྱག་སྤྲོ་དགའི་དབྱངས་དང་བཅས་ཏེ་སྐྱབས་འགྲོ་འདོན། ཡིད་ཕྱག་རྩེ་གཅིག་མོས་འདུན་གྱི་སྒོ་ནས་སྐྱབས་གནས་ལ་ཁྱོད་ཤེས་ཁྱོད་མཁྱེན་གྱི་བློ་གཏད་ཏེ་འཇིགས་པ་སེལ་བའི་ཐབས་ལ་འཇུག་པར་བྱའོ། །ཁ་ཡེངས་མིག་ཡེངས་སོགས་མ་སོང་བར་སྒོ་གསུམ་གུས་པས་སྒོ་ནས་ཕྱག་འཚལ་བས་གནས་སྐབས་ཕྱི་ནང་གི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཁྱད་པར་ཅན་ཐོབ་པར་འགྱུར་བ་ཡིན་ཏེ། སེམས་ལུང་ལས། ལྷ་ཕྱག་དག་ནི་ཕར་བཙལ་ན། །སྒྲིབ་པ་དག་ནི་ཚུར་གྱིས་འཕྱག །ཅེས་དང༌། ལུང་ལས། ལུས་ཀྱི་སྡིག་སྒྲིབ་ཕྱག་པས་ཕྱག །ངག་གི་སྡིག་སྒྲིབ་ཕྱག་པས་ཕྱག །ཡིད་ཀྱི་སྡིག་སྒྲིབ་ཕྱག་པས་ཕྱག །ཅེས་གསུངས་སོ། །
དེ་བཞིན་དུ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་དང༌། གནས་རི་དགོན་པ་སོགས་ལ་སྐོར་ར་ཕེབས་སྐབས་ཀྱང་སྒོ་གསུམ་རྩེ་གཅིག་ཏུ་སྒྲིམ་ནས་ས་རྡོ་རི་བྲག་གདོས་བཅས་ཀྱི་རྣམ་པ་འདི་ལྟར་མ་ཡིན་པར་སངས་རྒྱས་དངོས་སམ། སངས་རྒྱས་དངོས་ཀྱི་སྐུ་ཚབ་གསུང་ཚབ་ཐུགས་ཚབ། བླ་མ་ཡི་དམ་མཁའ་འགྲོ་སོགས་ཀྱི་འདུ་ཤེས་ངེས་པར་བཟུང་ནས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ནས་བསགས་པའི་ཉེས་སྐྱོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བསམ། དེ་ལྟ་བུའི་ཀུན་སློང་བཟང་པོའི་སྒོ་ནས་སྐོར་བ་ཡང་དག་པར་བྱས་པས་ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་ཅི་མཆིས་པ་ཐམས་ཅད་བདེ་བར་གཤེགས་པའི་ཐུགས་རྗེས་མྱུར་དུ་འབྱང་ཞིང་དག་པར་འགྱུར་ཏེ། མདོ་དྲི་མེད་ལས། །འཁོར་བའི་ལས་ལ་སྒྱིད་ལུགས་ནས། །སྡུག་བསྔལ་ལས་ལ་བྲེད་ནས་སུ། །ཐར་པའི་ལམ་ལ་བགྲོད་བྱེད་ན། །གསས་མཁར་ཤམ་པོ་ལྷ་རྩེ་ལ། །སྐོར་བ་བགྱིས་ཤིང་ལྷ་ཕྱག་འཚོལ། །མེ་ཏོག་གཏོར་ཞིང་མཆོད་པ་ཕུལ། །ཚེ་རབས་བསགས་པའི་སྡིག་སྒྲིབ་དག །ཐུགས་རྗེས་མྱུར་དུ་འབྱང་སྟེ་མཆིས། །ཞེས་གསུངས་པས་སོ། །དེ་མིན་ཕྱག་སྐོར་སོགས་ཀྱི་དགོས་དོན་གང་ཡང་མ་རྟོགས་པར་ཆོས་ལུགས་ཕན་ཚུན་དབར་འགལ་ཟླ་བཟོ་བ་དང༌། ཕྱི་སྐོར་ནང་སྐོར་སོགས་ཀྱི་བཤད་གཞི་འདྲ་མིན་བཟོ་བ་ནི་གླེན་པ་ཅི་ཡང་མི་ཤེས་པའི་རང་རྟགས་ཕྱི་རུ་མངོན་པ་ཡིན་ནོ། །ཐ་ཚན་མུ་ཙུག་སྨར་རོ།། །།