བོན་སྤྱོད་ཉམས་ལེན་གྱིས་གཞན་རྒྱུད་ལ་ཞི་བདེ་ཇི་ལྟར་བསྐྲུན་ཐུབ་བམ།
རྩོམ་བྲིས་པ། དགེ་བཤེས་བསམ་གཏན་གཙུག་ཕུད། དྲི་བ་གཏོང་མཁན། གཤེན་བསྟན་གླེང་སའི་དད་ལྡན།
ལན། རྩ་བའི་བཤད་གཞི་སྡེ་ཚན་གཉིས་པ་དེ་”གཞན་རྒྱུད་ལ་ཞི་བདེ་ཇི་ལྟར་བསྐྲུན་ཚུལ།”བཤད་རྒྱུ་དེ་རེད་འདུག ཚིག་དེ་ཡང་གལ་ཆེན་པོ་ཞིག་རེད། རྒྱུ་མཚན་ག་རེ་རེད་ཟེར་ན། གཞན་ལ་འགན་ལེན་མཁན་དང་། འགན་ཁུར་མཁན་གྱི་གཡུང་དྲུང་སེམས་དཔའ་ཞིག་གི་སྐད་ཆ་ཡིན་པའི་བཟོ་རེད། ཚིག་དེས་དགེ་བྱེད་པ་ཞིག་ཡིན་ཕན་ཆད་རང་ཉིད་ཀྱི་བདེ་བ་ཁོ་ན་དོན་དུ་གཉེར་རྒྱུ་མེད་པར་གཞན་ཕན་གྱི་བྱ་བ་ཇི་འདྲ་བསྒྲུབ་དགོས་པ་དེ་བཤད་གི་ཡོད་རེད། མདོར་ན་སྔ་དུས་དུ་སྟོན་པ་ཞལ་བཞུགས་དུས་བཀའ་འཁོར་སྐོར་ལབ་ཡའི་དོན་དག་དེ་གཞན་རྒྱུད་ལ་ཞི་བདེ་ཇི་ལྟར་བསྐྲུན་དགོས་པའི་ཐབས་ལམ་དང་མཛད་པ་བསྟན་པ་ཤ་སྟག་རེད། དེ་ག་རེ་རེད་ཟེར་ན། བོན་གྱི་འཁོར་ལོ་བསྐོར་ལབ་ཡ་དེ་རེད།
སྤྱིར་བཏང་བོན་འཁོར་ལབ་ཡ་དེ་ལུང་རྟོགས་གང་རུང་གིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་ཞིག་ལ་ངོས་འཛིན་གྱི་ཡོད་རེད། དེ་ལྟར་རང་གི་རྒྱུད་ཐོག་ལ་ཐོབ་པའི་ལུང་རྟོགས་ཀྱི་ཡོན་ཏན་དེ་དང་ཆ་མཚུངས་པ་ཞིག་གཞན་རྒྱུད་ལ་སྤྲོད་ཐུབ་པ་ཡིན་ན་བོན་གྱི་འཁོར་ལོ་འཁོར་བ་རེད། བོན་གྱི་འཁོར་ལོ་དེ་ག་དུས་འཁོར་ན་དེ་དུས་གཞན་རྒྱུད་ལ་ཞི་བདེ་དང་བདེ་སྐྱིད་འབྱུང་བའི་ཚད་འཇོག་དགོས་པ་རེད། བོན་གྱི་འཁོར་ལོ་སྐོར་སྟངས་ལ། དཔེར་ན། མཁས་པའི་བྱ་བ་དྲུག་གི་ནང་ནས་འཆད་པ་དང་། རྩོད་པ། རྩོམ་པ་གསུམ་དང་། དེ་བ་ནང་བཞིན་འཛིན། སྐྱོང་། སྤེལ་གསུམ་ལབ་ཡ་དེ་ཚོ་རེད། དེ་ལ་་་་་བཤད་ལུགས་སྡེ་ཚན་གྱི་དབང་དུ་བྱས་ན་དེ་རིང་ངས་འདི་ན་རྩ་བའི་སྡེ་ཚན་ཆེ་བ་གསུམ་གྱི་སྒོ་ནས་འཆད་འདོད་ཡོད། དེ་ནི་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞན་རྒྱུད་འདུལ་སྟངས་གཅིག་དང་། འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་གཞན་རྒྱུད་འདུལ་སྟངས་གཅིག ཉམས་ལེན་ངོ་སྤྲོད་ཀྱི་ཐོག་ནས་གཞན་རྒྱུད་འདུལ་སྟངས་གཅིག་སྟེ་སྡེ་ཚན་དེ་གསུམ་གྱི་སྒོ་ནས་ཞུ་གི་ཡོད། དེ་ཚོ་ག་རེ་ག་རེ་རེད་ཟེར་ན།
འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞན་རྒྱུད་འདུལ་སྟངས།
དང་པོ་འཆད་པ་ལབ་ཡ་དེ་གཞན་ལ་ཐར་པའི་ལམ་སྣེ་སྟོན། འཆད་འཁྲིད་བྱེད། གོ་བརྡ་སྤྲོད་རྒྱུ་དེ་ལ་ལབ་གི་ཡོད་རེད། གཉིས་པ་རྩོད་པ་ལབ་ཡ་དེ། དཔོན་གསས་གོང་མ་རྣམས་ཀྱིས་འཆད་ཁྲིད་གནང་བའི་སྐབས་སུ་ཉན་བསྡད་པ་ཙམ་གྱིས་མི་འགྲིགས་པ་ཡིན་དུས་གང་གསུངས་པ་དེའི་ནང་དོན་ལ་བསམ་བློ་གཏོང་ནས་ཐེ་ཚོམ་ཡོད་པ་རྣམས་ལ་དོགས་སེལ་གྱི་ཆེད་དུ་རྩོད་པ་བྱེད། བདར་ཤ་གཅོད་དགོས་པ་རེད་ལབ་གི་ཡོད་རེད། དེ་རྗེས་གསུམ་པ་རྩོམ་པ་ལབ་ཡ་དེ་རང་ཉིད་ཀྱིས་ཐོས་བསམ་དང་འཆད་རྩོད་བྱས་པ་ལ་བརྟེན་ནས་བདེ་བར་གཤེགས་པའི་གསུང་གི་བརྗོད་བྱ་གང་ཤེས་པ་དེ་གཞན་ལ་ཕན་ཐོགས་ཀྱི་ཆེད་དུ་གཞུང་གོང་འོག་གི་བཀའ་གནད་རྣམས་ལ་གསལ་བྱེད་ཀྱི་བསྟན་བཅོས་རྩོམ་རྒྱུ་དང་། དོགས་སེལ་བྱེད་རྒྱུ་དེ་ཚོ་རེད། དེ་ཚོ་ནི་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞན་རྒྱུད་ཀྱི་ཉོན་མོངས་འདུལ་སྟངས་ཤིག་ཡིན་པ་རེད།།