བོན་སྐོར་དང་ཆོས་སྐོར་སོ་སོར་འགྲོ་བའི་སྲོལ་དེའི་ཁུངས་ལུང་གང་འདྲ་རེད།
རྩོམ་བྲིས་པ། འདི་གའི་རྩོམ་སྒྲིག་པ་ཞང་ཚུལ་མི་སོགས། དྲི་བ་གཏོང་མཁན། མེལ་ཚེ་བ།
དྲི་བ། བོན་སྐོར་དང་ཆོས་སྐོར་སོ་སོར་འགྲོ་བའི་སྲོལ་དེའི་ཁུངས་ལུང་གང་འདྲ་རེད།
ལན། བོན་ལུགས་ཀྱི་དཀྱིལ་འཁོར་བཀོད་པ་གཡས་སྐོར་བྱས་ཡོད་པ་དང་། མཛོད་གཞུང་ནས་ཚང་རྒྱུང་གི་གླིང་རྟགས་བཀོད་པ་ཡང་བོན་སྐོར་བྱས་ནས་བཤད་ཡོད། སྟོན་པའི་འཁོར་རྣམས་རབ་ཏུ་བྱུང་ནས་ཞབས་སྐོར་ཕེབས་སྐབས་གཡས་སྐོར་དུ་ཕྱིན་པ་མདོ་ནས་གསལ། སྐབས་དེ་དུས་ནས་བོན་ལུགས་ཀྱི་སྐོར་བ་གཡས་སྐོར་བྱེད་ཀྱི་ཡོད་པ་གསལ་པོ་རེད། བོན་ལུགས་ཀྱི་གཡུང་དྲུང་རི་མོ་དང་སྐོར་བ་བོན་སྐོར་གཉིས་ནི་འབྲེལ་བ་དམ་ཟབ་ཞིག་ཡོད་སྙམ། དུས་རབས་བདུན་པའི་ནང་དུ་བོད་དུ་གཙུག་ལག་ཁང་བཞེངས་དུས་བོན་པོ་དང་བསྟུན་ནས་གཡུང་དྲུང་རི་མོས་རྒྱན་ནོ་ཞེས་ཆེས་སྔ་བའི་ཆོས་འབྱུང་ཁག་ནས་གསལ། སྐབས་དེ་དུས་ནས་བོན་གྱིས་གཡུང་དྲུང་རི་མོ་ཆོས་ལུགས་དང་འབྲེལ་ནས་བེད་སྤྱོད་བྱེད་ཀྱི་ཡོད་འདུག བོན་གྱི་དཔེ་རྙིང་ཁག་ནས་སྐོར་བ་གཡས་སྐོར་དགོས་པའི་རྒྱབ་ལྗོངས་ལ་གསལ་བཤད་བྱས་མེད་ཀྱང་། དེང་དུས་མི་རྣམས་ཀྱིས་བཤད་ཚུལ་ནི་ཕྱི་འབྱུང་ལྔའི་རང་འཁོར་དང་འཚམས་པའི་གཡས་སྐོར་བྱས་ན་ལུས་ལ་འཕྲོད་བསྟེན་དང་ཕན་ནུས་ཡོང་བ་མ་ཟད་འབྱུང་བའི་རིམ་འགྲོ་རང་བཞིན་གྱི་ཡོང་བ་ཡིན་ཟེར་མཁན་བྱུང་།
_____ཞང་ཚུལ་མི་ནས།
ལན། གཡས་སྐོར་དང་གཡོན་སྐོར། ལྷོ་སྐོར་དང་བྱང་སྐོར། བོན་སྐོར་དང་ཆོས་སྐོར་ཟེར་བ་དེ་ཚོ་ཆོས་ལུགས་སོ་སོའི་དཔྱད་པ་འཇོག་སྟངས་ཤིག་ཡིན་སྟབས། མཐའ་གཅིག་ཏུ་འདི་ནི་གཡས་སྐོར་དང་འདི་ནི་གཡོན་སྐོར་ཡིན་ཞེས་པ་ཁ་ཚོན་ཆོད་པ་ཞིག་བཤད་ཁག་ཙམ་སྣང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་བོད་པ་ཚོས་གཡས་སྐོར་ཟེར་དུས་བསྐོར་བྱ་ལྷ་ཁང་དེ་དཀྱིལ་ལ་འཇོག་སྟེ། རང་གི་གཞོགས་གཡས་ཕྱོགས་ལྷ་ཁང་དེ་དང་སྦྱར་ནས་བསྐོར་བས་ན་གཡས་སྐོར་ཞེས་འདོད་ལ། སྟོན་པ་གཤེན་རབ་ཀྱི་རྗེས་འཇུག་བོན་པོ་ཚོས་གཡས་སྐོར་ཟེར་དུས་བསྐོར་བྱ་ལྷ་ཁང་དེ་དཀྱིལ་ལ་འཇོག་སྟེ། རང་གི་གཡས་ཕྱོགས་ཀྱི་གོམ་པ་གཡས་སྔོན་དུ་སྤོ་སྟེ་ནང་དུ་བསྐོར་བས་གཡས་སྐོར་ཡིན།
དེ་དང་འདྲ་བར་བོན་ཆོས་གཉིས་ཀར་གཡས་སྐོར་དགོས་པའི་ལུང་གང་མང་ཞིག་ཀྱང་ཡོད། དེའང་ཆོས་ཕྱོགས་ནས་(ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་སྟོང་ཕྲག་བརྒྱ་པ་) ལས།“ བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་ལན་གསུམ་དུ་གཡས་སུ་བསྐོར་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ་དོང་། ། ”ཞེས་དང་།
ཡང་དེ་ཉིད་ལས། “སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་ཆོས་སྟོན་ཏོ་ཞེས་སྟན་དེ་ལ་གཡས་ཕྱོགས་སུ་བསྐོར་བ་བགྱིས་ཤིང་ཕྱག་འཚལ་ཏེ་སྤྱན་སྔར་མཆིའོ། །” ཞེས་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་) ལས། “སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐུན་པའི་ལམ་མངའ་བས་ན་གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཡིན་ནོ། །” ཞེས་དང་།
(འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་) ལས། “ལམ་གྱི་བཞི་མདོར་སེང་གེའི་ཁྲིའི་སྟེང་ན་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པའི་གསེར་གྱི་སྒྲོམ་དུ་རིང་བསྲེལ་བཞུགས་པ་མཐོང་ནས་ཐམས་ཅད་ཀྱིས་དུས་གཅིག་ཏུ་ཕྱག་འཚལ་ཏེ། ངུས་ནས་གཡས་ཕྱོགས་སུ་ལན་བདུན་བསྐོར་ཏེ། མཆོད་པ་འབྱོར་བར་བྱས་སོ། །” ཞེས་སོགས་ཀྱིས་མཚོན་ནོ། །
བོན་ལུགས་ལ་(འདུས་པ་རིན་པོ་ཆེ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་) ལས། “བྱ་ངང་པའི་འགྲོས་ལྟར་འགྱིང་ཡང་མི་འགྱིང་། བྲེལ་ཡང་མི་བྲེལ་བར། དལ་འགྲོས་དང་ལྡན་པར་བྱས་ལ་གཡས་སྐོར་དུ་གཤེགས། །”ཞེས་དང་། ཡང་དེ་ཉིད་ལས། “གཡུང་དྲུང་ཞབས་ནི་གཡས་སྐོར་རོ། ”། ཞེས་སོགས་དང་།
དེ་དང་མཐུན་པར་དཀྱིལ་འཁོར་དང་མཆོད་རྟེན། འཁོར་ཆེན་སོགས་ཀྱི་གཟུངས་སྔགས་དཀྲི་སྟངས་ཀྱང་གཡས་སྐོར་དུ་དགོས་པར་བཤད་པ་ནི། (རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུག་གི་བཏགས་ཆོག་) ལས། “སྲུང་བའི་ཡིག་མགོ་ཕྱི་ལ་བསྟན་ལ་གཡས་བསྐོར། བཟློག་པའི་ཡིག་མགོ་ནང་ལ་བསྟན་ལ་གཡོན་བསྐོར་བྱའོ། །” ཞེས་དང་། ཡང་དེ་ཉིད་ལས། “སྟོང་གསུམ་ཞིང་ཁམས་རབ་འབྱམས་ཀྱི། །དེ་སྙེད་ས་ཡི་རྡུལ་གྲངས་ཀྱི། །མཁའ་མཉམ་འགྲོ་དྲུག་སེམས་ཅན་ལ། །ཐུགས་རྗེས་འོད་ཟེར་རབ་སྤྲོས་ནས། །སྤྲུལ་སྐུ་བྱེ་བ་འགྱེད་པར་ཤོག །ཅེས་པས་གཡས་སུ་བསྐོར་བར་བྱ། །” ཞེས་སོ། །
དེ་བཞིན་ཡིད་དམ་དང་ལྷ་སྐུའི་བཀོད་པ་རྣམས་ཏིང་ངེ་འཛིན་གྱི་དམིགས་པར་སོ་སོའི་རྩ་སྔགས་སམ་བསྙེན་པའི་ཡིག་འབྲུ་སོ་སོར་སྒོམ་སྐབས་གཡས་སྐོར་དུ་བཤད་པ་མང་སྟེ། (ཡང་མན་ངག་འཁོར་བ་དོང་སྤྲུགས་)ལས། “འདིར་ནི་དབང་བསྐུར་ལྔ་བསྟན་ཏེ། འཁོར་ལོའི་མན་ངག་དགུ་སྐོར་ལ། དང་པོ་མིང་གི་འཁོར་ལོ་ཡིན། གཉིས་པ་དཔེ་ཡི་འཁོར་ལོ་ཡིན། གསུམ་པ་དོན་གྱི་འཁོར་ལོ་ཡིན། དབུས་ནས་དབུས་སུ་དགུ་སྐོར་ལ། དྲུག་ནས་དྲང་པ་མིང་གཅིག་ཡིན། དེ་ནི་གཡས་སུ་བསྐོར་ཏེ་བཀླགས། དེ་ནས་ཡེ་ནི་དེ་བཞིན་དུ། གཡས་བསྐོར་རང་གནས་སར་བཀླག་གོ །” ཞེས་དང་།
ཡང་དེ་ཉིད་ལས། “ གཡས་བསྐོར་སེམས་ཀྱི་མན་ངག་བསྟན། །དེ་ནི་སེམས་ལས་བསྐོར་བའོ། །” ཞེས་སོ། །
(རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུགས་ཀྱི་ལས་ཀྱི་ཁ་ཚར་ཕྲན་ཚགས་ལས་ཀ་) ལས། “གཉིས་པ་སྲིའུ་གསོ་བ་ཡང། །གཡུང་དྲུང་གཡས་སྐོར་མེ་རི་འབར། །” ཞེས་སོ། །
(རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུགས་ཀྱི་མདོ་ལན་ལག་བརྒྱད་པ་) ལས། “པད་མ་ཉི་ཟླའི་གདན་སྟེང་དུ། །ཁ་དོག་ལྔ་ལྡན་ཨཱོྃ་གཅིག་ལ། །བསྙེན་སྔགས་འབྲུ་བརྒྱད་གཡས་སུ་འཁོར། །” ཞེས་སོ། །
(རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུགས་ཀྱི་རྒྱུན་སྐྱོང་ནར་མའི་ཉམས་ལེན་) ལས། “རང་གི་ཐུགས་ཁར་ཙི་ཏ་རིན་པོ་ཆེ་ཡི་གུར་ཁང་དུ། ཉི་ཟླ་པད་མའི་གདན་གྱི་སྟེང་ན། ཡི་གེ་ཨཱོྃ་ཁ་དོག་ལྔ་ལྡན་ཞིག་ལ། འཛབ་ཀྱི་འཕྲེང་བས་གཡས་སྐོར་དུ་འཁོར་བ། དེ་ལ་ཤེས་པ་གཏད། །” ཞེས་སོ། །
(སྣ་ཚོགས་ཀུན་འབྱུང་མུ་ཏིག་ཕྲེང་བའི་རྒྱུད་ལས།) “ཤེ་ཐུན་རྣམ་ཤེས་གུར་ཁང་དུ། །ཉི་མའི་དཀྱིལ་འཁོར་མཛེས་པའི་སྟེང་། །ཡི་གེ་ཨ་དཀར་འབར་བ་སྒོམ། །དེ་ལ་སྔགས་ཀྱི་འཕྲེང་བ་ཡིས། །གཡས་བསྐོར་མགོ་རྣམས་ནང་དུ་བསྟན། །ཤིན་དུ་མ་འདྲེས་གསལ་བར་བསྒོམ། །” ཞེས་སོ། །
(གསང་ཐིས་ཐིག་ལེ་བཀོད་པ་ལས།) “སྙིང་པོ་བསྒྲགས་དང་ཡིད་གནས་པས། །རང་དང་མཐུན་པའི་འོད་ཟེར་ནི། །བ་ཐག་ལྟ་བུས་གཡས་བསྐོར་བས། །ཡབ་ཡུམ་བདེ་བའི་དྲོད་མྱོང་ནས། །” ཞེས་སོགས་སོ། །
འདིར་ལྷོ་སྐོར་དང་བྱང་སྐོར་ཐད་དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་ “འཛམ་གླིང་བྱང་ཕྱོགས་པ་རྣམས་གཡོན་ཕྱོགས་ཆེ་བར་བྱེད་པས་དེའི་གྲལ་མགོར་བཟུང་ནས་དེ་དང་མཐུན་པར་བྱང་བསྐོར་དང་། ལྷོ་ཕྱོགས་པ་རྣམས་གཡས་ཕྱོགས་ཆེ་བར་བྱས་པས་དེ་ཉིད་གྲལ་མགོར་བཟུང་ནས་དེ་དང་མཐུན་པར་ལྷོ་བསྐོར་བྱེད་དེ། འཇིག་རྟེན་སྲི་ཞུའི་ཚུལ་གྱིས་ནི། །ཞེས་པའི་ཡུལ་ལུགས་དང་སྦྱར་བ་ཡིན་ལ། །” ཞེས་དང་། ཡང་ཁོང་གིས “བོན་ལྷོ་གཏེར་གྱི་མདོ་ནས་ལྷོ་བསྐོར་དང་། བྱང་གཏེར་ནས་བྱང་བསྐོར་དང་། རྒྱ་གར་བས་ཡོངས་གྲགས་ལྷོ་བསྐོར་དང་། བདེ་མཆོག་སོགས་ནས་བྱང་ནས་བསྐོར་ཚུལ་ཡང་གསུངས་པའི་ཕྱིར་རོ། །” སོགས་བོན་ཆོས་གཉིས་ཀར་ལྷོ་སྐོར་དང་བྱང་སྐོར་ཡོད་པར་གསུངས།
དེ་བཞིན་བོན་ཕྱོགས་ནས་བོན་སྐོར་ནི་ཉི་ཟླའི་རང་འགྲོས་དང་འབྱུང་བའི་འཁོར་འགྲོས་སམ་ལྷོ་སྐོར་དང་མཐུན་པའི་རྒྱུ་མཚན་གྱིས་གཡས་སྐོར་ཡིན་པ་སོགས་གླེང་ཚུལ་ཡོད་པ་དེར་དབྲ་སྟོན་གྱིས་བཀའ་བཀྱོན་གནང་བའང་འདུག་སྟེ། “འཇིག་རྟེན་སྲི་ཞུའི་རྗེས་སུ་འབྲང་ན་སྲིད་པའི་སྒྲོན་མེ་ཉི་ཟླ་ཡིན་པས་དེའི་འཁོར་ཚུལ་ལྷོ་བསྐོར་ལྟར་བྱེད་པ་ལེགས་ཟེར་བ་ནི། ཧ་ཅང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བའི་དབང་གིས་ཞེན་གཏམ་དང་ཉི་ཟླའི་སྣང་འགྲོས་དང་ཁྱིམ་འགྲོས་ཀྱི་ཤན་མ་ཕྱེད་པར་རྨོངས་གཏམ་ཟུང་འབྲེལ་ཡིན་པར་མ་ཟད་རང་བྱུང་རྡོ་རྗེ་བེར་ཀ་དང་འདྲ་བར་སོང་ལ། རྣམ་པ་ཀུན་ཏུ་ལྷོ་བསྐོར་བྱེད་པ་ལེགས་ན་མཆིག་གུ་དང་སྙེ་མའི་བམ་པོའང་ལྷོ་བསྐོར་མཛོད་དང་ཁྱོད་ལ་ཧ་ཅང་ལེགས་པར་འགྱུར་རོ། ། ”ཞེས་སོགས་ཀྱི་རྩོད་པ་མང་བས་རེ་ཞིག་ཡིག་ཚོགས་ལ་དོགས་ནས་བཞག
དེ་ལྟར་བོན་ཆོས་གཉིས་ཀའི་གཞུང་ནས་སོ་སོའི་འདོད་ཚུལ་གྱི་གཡས་སྐོར་དགོས་པའི་ལུང་རིག་གང་མང་མཆིས་ཀྱང་། རྩ་བའི་དགེ་ཚོགས་ཀྱི་བྱ་བར་བསམ་སྟེ་སྐོར་བ་ཇི་ལྟར་བྱ་ཡང་ཀུན་སློང་ལ་རག་ལས་པ་ལས། ལུས་ཀྱི་ཁ་ཕྱོགས་འཁོར་སྟངས་ལ་དེ་ཙམ་གྱིས་ཁྱད་ཡོད་པར་མ་མཐོང་། སྔོན་བྱོན་བོན་ལུགས་ཀྱི་བླ་མ་སྐྱེས་ཆེན་མང་དག་ཅིག་གིས་ཀྱང་འདི་འདྲའི་སྐོར་ལ་ཁྱད་མེད་དུ་གསུངས་པའང་མང་སྟེ།
དཔེར་ན། (བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་སུམ་ཅུ་པའི་ཏི་ཀ་གསལ་བའི་སྒྲོན་མེ་)ལས། “གཉིས་ཀར་གཉིས་ལྡན་འདི་དག་ཅི་ཕྱིར་རྫུན། །གདུལ་བྱའི་བསམ་བཞིན་ཐབས་སྤྱོད་སྣ་ཚོགས་བསྟན། །སྔགས་བཙུན་ལ་སོགས་ཐབས་སྤྱོད་སྣ་ཚོགས་ལ། །གང་བདེན་གང་ལེགས་སྐྱོན་ཡོན་སྣང་ཚུལ་ཡིན། །ཞེས་པ། བོན་ལའང་རྒྱ་གར་མ་སོགས་དང་། ཕ་རྒྱུད་ཐབས་ཀྱི་དགོངས་པ་གཙོ་བོར་བྱེད་པ་སོགས་ལ་གཡས་བསྐོར་ཡོད་པས། བོན་ཆོས་གཉིས་ཀར་ལྷོ་སྐོར་བྱང་སྐོར་གཉིས་ཀ་ལྡན་པས་ཅིའི་ཕྱིར་གང་རྫུན་པར་འདོད། དེ་བས་ན་གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་པ་བཞིན་དུ། ཐབས་དང་སྤྱོད་པའང་མི་འདྲ་བ་སྣ་ཚོགས་བསྟན་ལ། །” ཞེས་སོགས་སོ། །
ཡང་སྐུ་མདུན་བསོད་ནམས་བློ་གྲོས་ཀྱི་རྣམ་ཐར་ལས། “ཁ་གཅིག་བསྐོར་ར་ལ་ཕྱི་བསྐོར་དང་ནང་བསྐོར་བཤད་འདུག་ཀྱང་། སྒྱུ་ལུས་གཟུགས་ཀྱི་ཕུང་པོ་ཡིས། །ས་མཐའ་བསྐོར་བ་ཕྱི་བསྐོར་ཡིན། །སེམས་ཉིད་རིག་པའི་མི་ཕོ་ཡིས། །སེམས་མཐའ་བསྐོར་བ་ནང་བསྐོར་ཡིན། །གཞན་མ་ལུས་ཀྱི་བསྐོར་ར་ནི། །གཡས་བསྐོར་ཐབས་ཀྱི་ཐབས་ཀྱི་རང་བཞིན་ཡིན། །གཡོན་བསྐོར་ཤེས་རབ་རང་བཞིན་ཡིན། །ཕྱི་བསྐོར་ནང་བསྐོར་ཡོད་པ་ངས་མ་མཐོང་། །དེ་ལ་བན་དྷེ་རྣམས་ཀྱང་ངེས་ཤེས་བསྐྱེད་ནས་རྒྱལ་ཡབ་སྲས་གཉིས་གཙོ་བྱས་ཐུགས་དམ་གསུང་རྟགས་ཞུ་མི་ཡང་བསམ་མི་ཁྱབ་བྱུང་། ། ”ཞེས་སོགས་གསུངས་པ་དང་།
དེ་བཞིན་བོན་ཕྱོགས་ནས་ཀྱང་གཡོན་སྐོར་མེད་པ་མིན་ཏེ། (གསང་ཐིས་ཐིག་ལེ་བཀོད་པ་ལས།) “ད་ནི་དབང་ཆེན་གཡས་སུ་སྐོར་ཙམ་ན། །དབང་དར་ལེབ་བརྒན་པུ་རུ་རུ། །དབང་གི་འོད་དཔུང་ཐེབས་སེ་ཐེབ། །གཏའ་ཆེན་དཀྱིལ་འཁོར་གཡས་སུ་འཁོར། །ལྷ་ཆེན་རྣམས་ཀྱང་གཡས་སུ་འཁོར། །འོད་དཔུང་ཁྱི་ལི་གཡས་སུ་འཁོར། །གསས་ཆེན་རྣམས་ཀྱང་གཡས་སུ་འཁོར། །མེ་དཔུང་ལམ་སེ་གཡས་སུ་འཁོར། །གཤེན་ཆེན་རྣམས་ཀྱང་གཡས་སུ་འཁོར། །བསྭོ་སྒྲ་དི་རི་གཡས་སུ་འཁོར། །ལྷ་སྲིན་སྡེ་བརྒྱད་གཡས་སུ་འཁོར། །གོང་གོང་ཆུམ་ཆུམ་གཡས་སུ་འཁོར། །འདྲེ་སྲིན་བགེགས་རིགས་གཡས་སུ་འཁོར། །གན་ཅིང་བུབ་ཅིང་གཡས་སུ་འཁོར། །
ད་ནི་དབང་གཤེན་གཡོན་དུ་འཁོར། །དབང་གཤེན་གཡོན་དུ་བསྐོར་ཙམ་ན། །ལྷ་མོ་རྣམས་ཀྱང་གཡོན་དུ་འཁོར། །འོད་དཔུང་ཀྱི་ལི་གཡོན་དུ་འཁོར། །གཏའ་ཆེན་གསས་མཁར་གཡོན་དུ་འཁོར། །གསས་ལྕམ་རྣམས་ཀྱང་གཡོན་དུ་འཁོར། །རྔ་གཤང་ཁྲོལ་ལེ་གཡོན་དུ་འཁོར། །སྲུང་མ་རྣམས་ཀྱང་གཡོན་དུ་འཁོར། །གླུ་དབྱངས་དི་རི་གཡོན་དུ་འཁོར། །སྨན་བཙུན་རྣམས་ཀྱང་གཡོན་དུ་འཁོར། །ཕོ་ཉ་རྣམས་ཀྱང་གཡོན་དུ་འཁོར། །མདུར་གྱིན་འདྲིལ་གྱིན་གཡོན་དུ་འཁོར། །རྒྱན་ཆ་ལྷུབས་སེ་གཡོན་དུ་འཁོར། །འདྲེ་མོ་རྣམས་ཀྱང་གཡོན་དུ་འཁོར། །སྔངས་ཀྱིས་སྲག་༼སྐྲག་༽གིན་གཡོན་དུ་འཁོར། །ཐབས་དང་ཤེས་རབ་དབང་མཆོག་ལྡན། །དེ་ལ་སྐྱེས་མཆོག་དངོས་གྲུབ་ལེན། །དངོས་གྲུབ་གསོལ་ཅིག་ཡེ་ཤེས་ལྷ། །དབང་ཆེན་སྐུར་ཅིག་དབང་གི་ལྷ། །མཐུ་དབང་གསོལ་ཅིག་མཐུའི་ལྷ། །ཚེ་དབང་གསོལ་ཅིག་ཚེའི་ལྷ། །གཡང་དབང་སྐུར་ཅིག་ནོར་གྱི་ལྷ། །པྲ་ཕུད་བིང་ང་ཤེ་ཐུན་ཉི་རི་འབར་བ་ཏྲམ། །” ཞེས་དང་།
(ཡེ་ཁྲི་མཐའ་སེལ་རྣམ་པར་བཀོད་པ་དམ་ཚིག་གི་མཆོང་)ལས། “གིང་ཆེན་གྲིབ་ལ་འགོམ་མི་བྱ་ཞེས་པ། བླ་མའི་སྐུ་དང་གྲིབ་མ་དང༌། གདོང་ལ་ཕྱིན་ན་སྔོན་བཀག་རྟིང་ལ་འགྲོ གཡས་རོལ་སྤང༌། རང་གི་གཡས་སུ་བླ་མ་གཞུག བསྐོར་བ་གཡོན་ནས་བྱའོ། །གྱེན་ལ་འགྲོ་ན་རྟིང་ལ་བསྡད། ཐུར་ལ་འབབ་ན་སྔོན་ལ་འགྲོའོ། །” ཞེས་སོགས་སྐོར་བ་གཡོན་ནས་བྱ་དགོས་ཚུལ་ཀྱང་གསལ་ལོ། །
གང་ལྟར་ལུང་དེ་ཚོ་གཞི་ལ་བཞག་པའི་ཐོག ཆུ་ལམ་ཞུགས་དང་། རྡོ་ལག་རྒྱུད་ལྟ་བུའི་ཆོས་ལུགས་རེར་སྲོལ་དང་གནང་སྒོ་མི་འདྲ་བ་མང་དག་ཅིག་ཡོད་སྟབས། དེ་ཚོར་ཕན་ཚུན་གུས་བཀུར་དང་མཐོང་འཇོག་དགོས་པ་ནི། རང་ཉིད་གྱིས་ཚོགས་བསག་པའི་རྒྱུའམ་ཡར་རབས་ཀུན་སྤྱོད་ལྡན་པའི་མི་ཞིག་ཏུ་འགྱུར་ཐུབ་པ་དང་། རྒྱལ་བསྟན་སྤྱི་ལའང་ཐུགས་མཐུན་གྱི་རྨང་གཞི་སྐྲུན་གིན་ཡོད་སྟབས་འདི་འདྲའི་རིགས་ལ་ང་ཚོས་མཉམ་དུ་འབད་གལ་ཆེ་ཞུའོ།། །།
_____དགེ་ཧི་མ་ལ་ཡའི་རྒྱལ་སྲས་ནས།