བོན་ལུགས་སུ་ཕར་ཕྱིན་བཅུ་གོ་རིམ་བསྟན་པ་དེར་དགོས་པ་རྒྱུ་མཚན་ཇི་ཡིན།
རྩོམ་བྲིས་པ། ཞང་ཚུལ་མི། དྲི་བ་གཏོང་མཁན། ཉི་མའི་འོད།
དྲི་བ། བོན་ལུགས་སུ་ཕར་ཕྱིན་བཅུ་གོ་རིམ་བཞིན་བསྟན་པ་དེར་དགོས་པ་རྒྱུ་མཚན་ཇི་ཡིན།
ལན། རང་ལུགས་ལ་ཕར་ཕྱིན་བཅུ་གོ་རིམ་བསྟན་དགོས་པའི་རྒྱུ་མཚན་སྐབས་བཞི་པའི་ཡིག་ཆ་ལས་གསལ་བ་འདི་ལྟར།
“སྦྱིན་པ་ནི་དགེ་བ་ཐམས་ཅད་ཀྱི་གཞི་མ་ཡིན་ཕྱིར་དང་པོར་བསྟན་ལ། འཛིན་ཆགས་མེད་པའི་སྦྱིན་པ་ཡོངས་སུ་རྫོགས་པ་ན། ཀུན་འབྱུང་སྡུག་བསྔལ་མེད་པ་ངང་གིས་འབྱུང་སྟེ། དེ་ཉིད་ཚུལ་ཁྲིམས་ཡིན་པས་གཉིས་པར་བསྟན་ནོ།།
ཀུན་འབྱུང་མེད་པའི་ཚུལ་ཁྲིམས་ཡོངས་སུ་རྫོགས་པ་ན། བྱུང་ཚོར་མེད་པ་ངང་གིས་འབྱུང་ལ། དེ་ཉིད་བཟོད་པ་ཡིན་པས་གསུམ་པར་བསྟན་ནོ།།
བྱུང་ཚོར་མེད་པའི་བཟོད་པ་ཡོངས་སུ་རྫོགས་པ་ན། བཏང་སྙོམས་མེད་པ་ངང་གིས་འབྱུང་ལ། དེ་ཉིད་བརྩོན་འགྲུས་ཡིན་པས་བཞི་པར་བསྟན་ནོ།།
བཏང་སྙོམས་མེད་པའི་བརྩོན་འགྲུས་ཡོངས་སུ་རྫོགས་པ་ན། འགྱུར་ལྡོག་མེད་པ་ངང་གིས་འབྱུང་ལ། དེ་ཉིད་བསམ་གཏན་ཡིན་ལྔ་པར་བསྟན་ནོ།།
འགྱུར་ལྡོག་མེད་པའི་བསམ་གཏན་རྫོགས་པ་ན། ལྟུང་བ་མེད་པ་ངང་གིས་འབྱུང་ལ། དེ་ཉིད་སྟོབས་ཡིན་པས་དྲུག་པར་བསྟན་ནོ།།
ལྟུང་བ་མེད་པའི་སྟོབས་རྫོགས་པ་ན། ཉོན་མོངས་མེད་པ་ངང་གིས་འབྱུང་ལ། དེ་ཉིད་སྙིང་རྗེ་ཡིན་པས་བདུན་པར་བསྟན་ནོ།།
ཉོན་མོངས་མེད་པའི་སྙིང་རྗེ་རྫོགས་པ་ནི། རེ་དོགས་མེད་པ་ངང་གིས་འབྱུང་བ། དེ་ཉིད་སྨོན་ལམ་ཡིན་པས་བརྒྱད་པར་བསྟན་ནོ།།
རེ་དོགས་མེད་པའི་སྨོན་ལམ་ཡོངས་སུ་རྫོགས་པ་ན། འཁོར་ཆགས་མེད་པ་ངང་གིས་འབྱུང་ལ། དེ་ཉིད་ཐབས་ཡིན་པས་དགུར་བསྟན་ནོ།།
འཁོར་ཆགས་མེད་པའི་ཐབས་ཡོངས་སུ་རྫོགས་པ་ན། འཁྲུལ་པ་མེད་པ་ངང་གིས་འབྱུང་ལ། དེ་ཉིད་ཤེས་རབ་ཡིན་པས་ཤེས་རབ་ཀྱི་བླ་མེད་མཐའ་མར་བསྟན་པ་ཡིན་ནོ།། ” ཞེས་གསུངས་སོ།། །།