བོན་ལུགས་སུ་ཆང་གི་ཉེས་དམིགས་བཤད་པའི་དཔེ་ཆ་ཡོད་དམ།
རྩོམ་བྲིས་པ། སྟོན་པ་ཐུགས་རྗེ་ཅན་སོགས། དྲི་བ་འདོན་མཁན། བློ་གྲོས་བསྟན་འཛིན།
ལན། མདོ་རྒྱུད་སོགས་ལས་ཆང་གིས་ཉེས་པ་མང་པོ་ཞིག་གསུངས་པའི་ནང་ནས་མདོ་དྲི་མེད་གཟི་བརྗིད་ལས།
(མདོ་དྲི་མེད་ལས་གསུངས་པའི་ཆང་གི་ཉེས་དམིགས་སྐོར་འདིར་བརྡ་དག་སོགས་ལ་ནོར་འཁྲུལ་འགའ་ཞིག་འདུག་ཀྱང་། གུས་པས་ནི་མ་དཔེ་རག་པ་ཇི་བཞིན་བཀོད་ཡོད་ཞུ།)
ʼʼ གཉིས་པ་ཆང་ལ་རྣམ་པ་བཞི། །འབྲུ་ཆང་སྦྱར་ཆང་ཉང་དང་ཉིང་། །ཤིང་འབྲས་ཁུ་བ་ཨ་མྲི་ཏ། །དེ་ཡང་འབྲུ་ཆང་དག་ལས་སུ། །ནས་འབྲས་གྲོ་དང་སོ་བ་དང་། །ཁྲེ་དང་ཇི་ཙེ་ཅུ་ཙེ་ལ། །ཨ་མྲི་ཏ་ཡིས་ཕབ་བཏབ་སྟེ། །ཕབ་ནི་བདུན་སྲིན་ལོག་པས་སྦྱར། །དེ་ཡང་དུག་གི་སྦྱོར་སྡེ་གཏོགས། །བརྒྱལ་དང་གན་དང་མྱོས་དང་ལོང་། །ཁོལ་དང་ཁལ་ཆད་རྒྱུ་རུ་སྨིན། །དེ་ཉིད་ཉེས་པ་དེར་འགྱུར་ཆེ། །ནས་ནི་འབྲུ་ཡི་སྙིང་པོའི་བཅུད། །འབྲས་ནི་འབྲུ་ཡི་ཡལ་ག་རྒྱས། །གྲོ་ནི་འབྲུ་ཡི་མ་ནིང་རིགས། །སོ་བ་མ་སྨིན་པ་ཡི་འབྲུ། །ཁྲེ་དང་ཅུ་ཙེ་ཇི་ཙེ་ལས་སོགས་ཉིང་ལག་སྟེ། །དེ་དག་ཆང་གི་རྒྱུ་བསྐྱེད་པ། །དེ་ཉིད་ཉེས་འགལ་ཡར་འཕེལ་ཆུང། །
སྦྱར་ཆང་རྩི་ཐོག་སྙིང་པོར་སྦྱར། །ཕབས་ལས་མ་བྱུང་ཉེས་གྲག་ཙམ། །སྐྱུར་དང་རྡུལ་དང་ཆང་ལ་བསྐྱེད། །དེའང་བག་མེད་འགལ་གྱུར་ཉམས། །རན་དང་སྙོམས་དང་ངོམ་ཚོད་བཏུང་། །
ཉིང་ཆང་ཉང་ན་ཉིང་པ་སྟེ། །དེ་དག་རྒྱུན་བསྐོལ་ཟིལ་པ་གཏིག དུག་ལ་རླངས་བྱུང་སྙིང་པོ་བཅུད། །དེ་ནི་ཤིན་ཏུ་ཉེས་པ་ཆེ། །སྲིན་པོའི་མྱོས་ཆུ་དྲན་པ་སྟོར། །ལྷ་མིན་མཚོན་ཆ་སྲོག་གཅོད་རྫས། །དྲིན་ཅན་ཕ་མའི་ཁུ་བ་ཁྲག རང་སྲོག་འཆད་ཉན་ལྟུང་བར་འགྱུར། །ཤིན་ཏུ་ཉམས་པས་སྤང་བའི་རིགས། །བསིལ་བསྒྱུར་དག་གིས་ཉེས་པ་སྤང་། །དང་པོ་བཅུད་ཕྱུང་ཉིང་དུ་སྟེ། །བར་པ་ཉམས་དང་ཐ་མ་ཉོལ། །དེ་བཞིན་ཉམས་ཉེས་འགལ་བའི་རྒྱུ། །དེ་དག་བཏུབ་པར་གྱུར་པ་ནི། །ཚོང་འདུས་གསུམ་དུ་འགྲིམ་པའི་བཟའ། །ཆབ་བསིལ་གསུམ་དུ་འོང་བའི་བཏུང་། །དགེ་བསྙེན་ཚུལ་གནས་དགེ་ལ་འདུན། །དེ་དག་ཉེས་འགལ་མེད་པར་བཤད། །
ཤིང་འབྲས་ཁུ་བ་ཨ་མྲི་ཏ། །ཨ་མྲི་ཏ་ནི་ཤིང་ལ་སྟེ། དེ་དག་ཉེས་འགལ་ཆུང་བ་སྟེ། །དེ་ལ་ཉམས་པ་ཆེ་ཆུང་ནི། །ཉིང་ཆང་དག་གིས་ལྟུང་བ་ཡིན། །འབྲུ་ཆང་དག་གིས་ཉམས་པ་ཡིན། །སྦྱར་ཆང་དག་གིས་ཉེས་པ་ཡིན། །ཨ་མྲི་ཏ་ནི་བག་བཟོད་དེ། །དེཡང་ཨུ་དུག་ར་རོ་ན། །བག་མེད་སྤྱོད་འཆལ་འགྱུར་བར་བྱེད། །སྤྱིར་ཡང་ཆང་ཞེས་བྱ་བ་ཡང་། །ལྷ་མིན་མཚོན་ཆ་སྡེ་བཞི་ལ། །ཆང་ནི་ཆུ་ཡི་མཚོན་ཆ་སྟེ། །བཏུང་བས་ང་རྒྱལ་བསྐྱེད་པར་འགྱུར། །དེ་ལ་ཉེས་འགལ་ཆེ་ཆུང་ནི། །ཚོར་དང་སྲེད་དང་བྲོ་དང་རེག། །སྐོམ་དང་བཏུང་དང་ངོམ་དང་བཟི། །ཨུ་དུག་བག་མེད་ར་རོ་ན། །དེ་དག་འཆལ་སྤྱོད་རྒྱུ་རུ་འགྲོ། །བྱམས་པའི་དོན་ལ་ཞེ་སྡང་སྐྱེ། །སྡང་བའི་དགྲ་ལ་གདུག་སེམས་འཆང་། །བསད་དང་བཅད་དང་བརྡེག་བརྡུང་བྲོད། །སྦྱིན་པའི་དོན་ལ་འདོད་ཆགས་སྐྱེ། །བྱམས་པའི་གཉེན་ལ་གདུང་སེམས་བྲོད། །འཇིག་རྟེན་རྫས་ལ་རློམ་པ་གཏོང་། །ཡེ་ཤེས་དོན་ལ་གཏི་མུག་རྨོངས། །བྱིན་རྨུག་འཐིབ་དང་གཉིས་དབང་འགྱུར། །མ་རིག་རིག་པའི་དོན་ལ་སྒྲིབ། །ཞི་བའི་དོན་ལ་ང་རྒྱལ་སྐྱེ། །རང་ཆེ་གྱང་ཁེང་དྲེག་པ་འབྱུང་། །ཆེ་ཞིང་ཆེན་པོའི་ལས་སྤྱོད་དགའ། །ཡངས་པའི་དོན་ལ་དོགས་པ་སྐྱེ། །གང་ལ་ཕྲག་དོག་རུ་ང་ཞིང་། །ཆགས་དང་སྡང་དང་ཚེར་མ་རྩུབ། །ཆགས་མེད་སྦྱིན་པ་གཏོང་ཙམ་ན། །ཆགས་འཁོར་ཉོན་མོངས་སྐྱེ་བར་བྱེད། །འཆལ་མེད་ཚུལ་ཁྲིམས་བསྲུང་ཙམ་ན། །བག་མེད་སྤྱོད་འཆལ་འབྱུང་བར་བྱེད། །གཡོ་མེད་བཟོད་པ་བསྒོམ་ཙམ་ན། །བྱུང་ཚུལ་འཕྲིག་པ་སྡང་བར་བྱེད། །ཡེངས་མེད་བརྩོན་འགྲུས་བསྐྱེད་ཙམ་ན། །ལེ་ལོ་གཡེང་སྐྱོང་འབྱུང་བར་བྱེད། །བསམ་གཏན་མཉམ་པར་གནས་ཙམ་ན། །ཏིང་འཛིན་གཡོ་འཁྲུགས་འབྱུང་བར་བྱེད། །ཐོག་མེད་སྟོབས་ཤུགས་བྱེད་ཙམ་ན། །མ་ནུས་ཞུམ་པ་འབྱུང་བར་བྱེད། །སྙིང་རྗེ་ཕྱོགས་མེད་བྱེད་ཙམ་ན། །བདག་འཛིན་འདོད་པ་འབྱུང་བར་བྱེད། །དོགས་མེད་སྨོན་ལམ་འདེབས་ཙམ་ན། །རེ་དོགས་ཡིད་གཉིས་སྐྱེ་བར་བྱེད། །དབང་བསྒྱུར་ཐབས་ལ་མཁས་ཙམ་ན། །མི་མཁས་རྨོངས་པ་འབྱུང་བར་བྱེད། །འཁྲུལ་མེད་ཤེས་རབ་བསྐྱེད་ཙམ་ན། །ཐོས་བསམ་དོན་ལ་རྨོངས་པར་བྱེད། །སྨན་གྱི་སྦྱིན་པ་གཏོང་ཙམ་ན། །དུག་གི་ལོ་མ་འབྱུང་བར་བྱེད། །སེམས་ཉིད་དོན་ལ་གནས་ཙམ་ན། །དྲན་པ་མང་པོ་སྐྱེ་བར་བྱེད། །ཆགས་མེད་དོན་ལ་གནས་ཙམ་ན། །མ་དག་སྡུག་བསྔལ་དྲན་པར་བྱེད། །བག་ཡོད་ཚུལ་དང་ལྡན་ཙམ་ན། །བག་མེད་སྤྱོད་འཆལ་འབྱུང་བར་བྱེད། །ཆ་ལུགས་ལྔ་ལྡན་གནས་ཙམ་ན། །འབྲེང་བུ་གན་རྐྱལ་འབུབ་པར་བྱེད། །དག་པའི་ཅོག་པུར་འདུག་ཙམ་ན། །རོ་ཉལ་རོ་འཕྲལ་འབྱུང་བར་བྱེད། །ངག་འཇམ་དལ་བར་སྨྲ་བ་ལ། །ཚིག་རྩུབ་ངག་འཆལ་སྨྲ་བར་བྱེད། །རྒྱུད་འཇམ་དལ་བར་གནས་ཙམ་ན། །མི་རྒྱུད་རྩིང་ཞིང་ཁྲོབ་པར་བྱེད། །ལྷ་སེམས་ཞི་བར་གནས་པ་ལ། །ཁྱེད་སེམས་དྲེག་ལ་སྐྱེ་བར་བྱེད། །མཁས་ལྡན་ཞིབ་པར་སྤྱོད་པ་ལ། །སྙོ་སྤྱོད་ཐོ་ཆོ་འབྱུང་བར་བྱེད། །མཁས་དང་བདེན་ཚིག་དྲང་པོ་ལ། །མི་བདེན་རྫུན་ཚིག་འབྱུང་བར་བྱེད། །དབེན་པའི་རི་ཁྲོད་བསྟེན་པ་ལ། །གྲོང་དང་གྲོང་བརྡལ་ཉུག་པར་བྱེད། །གཅིག་པུར་དབེན་པར་བསྟེན་ཙམ་ན། །མང་པོའི་འདུ་འཛིན་གཡེང་བར་བྱེད། །དག་པའི་སྣང་བ་སྦྱོང་བ་ལ། །མ་དག་ལོག་པའི་ལྡང་བར་འབྱུང་། །བཀའ་ལུང་ཚུལ་བཞིན་འཛིན་པ་ལ། །གཤེ་བསྐུར་ཡ་ག་འབྱུང་བར་བྱེད། །གསང་བའི་དམ་ཚིག་སྲུང་བ་ལ། །མན་ངག་ཁྲོམ་དུ་བསྒྲག་པར་བྱེད། །དབང་དམ་ཚུལ་བཞིན་སྲུང་བ་ལ། །མཆེད་ལྕམ་དག་ལ་འཁྲོ་བར་བྱེད། །བྱར་མེད་དོན་ལ་གནས་ཙམ་ན། །བྱ་བཙལ་སྣ་ཚོགས་འབྱུང་བར་བྱེད། །ཕྱྭ་གཤེན་སྤྱོད་ལ་འཇུག་པའི་ཚེ། །མ་མཐོང་རྫུན་ཚིག་སྨྲ་བར་བྱེད། །སྣང་གཤེན་སྤྱོད་ལ་འཇུག་པའི་ཚེ། །མི་འགྲོ་ཡས་སྟག་སྟོན་པར་བྱེད། །འཕྲུལ་གཤེན་སྤྱོད་ལ་འཇུག་པའི་ཚེ། །ཐེར་ཟུག་རུ་ཏྲས་གོ་བར་བྱེད། །སྲིད་གཤེན་སྤྱོད་ལ་འཇུག་པའི་ཚེ། །མ་ཉེས་སྟབས་ལ་བཅད་པར་བྱེད། །འབྲས་བུའི་བོན་ལ་སྤྱོད་ཙམ་ན། །རྒྱུ་འབྲས་ཐོབ་རྫོབ་འབྱུང་བར་བྱེད། །དེ་ཕྱིར་སྤྱོད་དང་འཆལ་བར་འབྱུང་། །
སྤྱིར་ཡང་ཆང་གི་རྒྱུ་ཉིད་ནི། །འབྱུང་བ་བཞི་ཡི་རྒྱུ་ལས་བྱུང་། །འབྱུུང་བ་བཞི་ཡིས་རྐྱེན་གྱིས་བསྐྱེད། །འབྱུང་བ་བཞི་ཡི་གསོས་ཀྱིས་གསོ། །བཞི་བསྡུས་ཕུང་པོའི་བཅུད་དུ་སྨིན། །ས་བཅུད་ཤ་ཡི་གསོ་བ་ཡི། །དྲན་པ་རྨུག་ཅིང་འཐིབས་པར་བྱེད། །ཤེས་པ་མི་གསལ་དབང་པོ་ཉམས། །བརྗེད་དང་དོར་བ་ཆང་ལས་བྱུང་། །མེ་བཅུད་དྲོད་ལ་གསོ་བ་ཡི། །ལུས་ཟུང་མི་སྙོམ་ཆགས་པ་སྐྱེ། །ཐིག་ལེ་འཕེལ་དང་འགྲིབ་པར་བྱེད། །སྲེད་དང་ལེན་པ་ཆང་ལས་བྱུང་། །རླུང་བཅུད་དབུགས་ལ་གསོ་བ་ཡི། །ལུས་དབྱེན་དབུགས་ཀྱི་ཆ་མི་སྙོམ། །སྡོད་དང་འཐེན་པ་རིང་ཐུང་བྱེད། །ཐོལ་མ་གྱུ་བའི་ལས་སྤྱོད་དང་། །འདུ་བྱེད་བྱ་བ་མང་པོ་དང་། །དབང་པོ་མི་བརྟན་ཆང་ལས་བྱུང་། །ཆང་ཚོང་བ་དང་སྨད་ཚོང་བ། །སྦྲང་ཚོང་བ་དང་རྣམ་པ་གསུམ། །མེ་ལྕེ་འཁོར་ལོ་འབར་བ་ན། །ནང་གི་སྒྲིབ་ཅན་དུ་སྐྱེད། །དབང་པོ་ཟིལ་བསྒྱུར་སྡུག་བསྔལ་སྦྱང་། །གལ་ཏེ་མཐོ་རིས་གནས་ན་ཡང་། །མ་དག་པ་ཡི་མཐའ་འཁོབ་ཏུ། །དབང་པོ་མ་ཚང་གྱ་ཉེས་པ། །དུག་ལ་ན་ཚའི་ལུས་སུ་སྦྱང་། །སྐད་ཅིག་བདེ་བ་ཐོབ་མི་སྟེར། །དེ་ཕྱིར་སྤང་བའི་རྒྱུ་རུ་བཤད། །ཉེས་དང་ཉམས་དང་ལྟུང་གྱུར་ན། །བཤགས་ན་སངས་རྒྱས་སྨན་གྱི་ལྷ། །བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ། །དེ་ལ་ཉེས་པས་ལྟུང་བཤགས་དང་། །དག་ཅིང་ཚངས་པའི་ཆོ་ག་བྱ། །དེ་ཕྱིར་སྤང་བའི་རྒྱུ་རུ་བཤད། །ཉེས་དང་ཉམས་དང་ལྟུང་གྱུར་ན། །འགྲོ་ལ་སྨན་གྱིས་སྦྱིན་པ་འགྱེད། །ཡན་ལག་ཁ་ཟས་སྡེ་གཅིག་གོ །ʼʼ ཞེས་གསུངས་སོ།། །།