བོན་ལུགས་ལ་སྟོན་པ་ཤཱཀྱ་ཐུབ་པར་ངོས་འཛིན་ག་འདྲ་བྱེད་དམ།
རྩོམ་བྲིས་པ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། རྩོམ་ཡོང་ཁུངས། མཆོག་གི་གསུང་རྩོམ་ལས་དྲངས།
ལན། རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སུ་སྟོན་པ་གཤེན་རབ་མི་བོའི་བསྟན་པ་སྐུ་གསུང་ཐུགས་ཀྱི་བསྟན་པ་རྣམ་གསུམ་ཡོད་པའི་ནང་ནས་མི་རྣམས་ཚེ་ཚད་བརྒྱ་ནས་བདུན་ཅུའི་བར་དུ་གཤེན་རབ་ཀྱི་སྐུའི་བསྟན་པས་འགྲོ་དོན་གཙོ་བོར་མཛད་པ་དང་། དེ་ནས་མི་རྣམས་ཚེ་ཚད་བདུན་ཅུ་ནས་བཞི་བཅུའི་བར་ལ་གསུང་གི་བསྟན་པས་འགྲོ་དོན་གཙོ་བོར་མཛད་སྐབས་སུ། ཤ་རིའི་གཏན་ཚིགས་ངེས་པའི་གལ་མདོ་ལས།
“སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་ཕྱིར། །ལོག་པ་འདུལ་ཕྱིར་རྒྱལ་བའི་སྲས་བཞི་བཞག” ཅེས་དང་། “གཙུག་ལག་བུ་བཞི་གཡུང་དྲུང་བོན་དུ་ངེས”། ཞེས་སོགས་གསལ་བ་ལྟར་ལོག་པའི་བདུད་ཆེན་སྡེ་བཞི་འདུལ་བའི་གཉེན་པོ་གཙུག་ལག་གི་བུ་བཞི་བྱུང་བའི་ནང་ནས། བདུད་ཆེན་སྡེ་བཞིའི་ནང་ཚན་བདུད་ང་མིན་ཆོས་པོ་འདུལ་མཁན་ལྷ་བུ་དམ་པ་ཏོག་དཀར་ཞེས་པ་རྒྱ་གར་ཝ་ར་ཎ་སིར་ཤཱཀ་རིགས་རྒྱལ་པོའི་སྲས་སུ་འཁྲུངས་ཏེ་བདུད་ང་མིན་ཆོས་པོས་བོན་ལ་འཆོས་པའི་ལོག་ཆོས་ལ་ཡང་དག་ཆོས་ཞེས་བྱ་བ་བསྒྱུར་ཏེ་གཤེན་རབ་ཀྱི་གསུང་གི་བསྟན་པའི་དཀྱིལ་སྨད་ན་དམ་ཆོས་ཀྱི་སྲོལ་ཕྱེས་ན་འགྲོ་དོན་རྒྱ་ཆེ་བ་ལུང་བསྟན་བྱས་པའི་ཚུལ་ནི། རྒྱུད་ཉི་ཟེར་སྒྲོན་མ་ལས། “ང་མིན་ཆོས་པོ་བདུད་ཀྱི་བུ།། ད་ལྟ་བཏུལ་བས་མ་ཐུལ་ན། །ངའི་གསུང་གི་བསྟན་པའི་དུས། །ལྷ་བུ་བམ་པ་ཏོག་དཀར་གྱིས། །ཐུལ་ནས་ཐུགས་རྗེས་འདྲེན་པར་ཤོག” ཅེས་དང་། མདོ་དྲི་མེད་བསྟན་པ་གཉེར་གཏད་ཀྱི་མདོ་ལས་ཀྱང་། “ལྷ་བུ་དམ་པ་ཏོག་དཀར་ཁྱེད། །འདི་ནས་འཛམ་གླིང་ལྷོ་ཕྱོགས་ཀྱི། །རྒྱ་གར་ཝ་ར་ཎ་སི་རུ། །རྒྱལ་པོ་ཤཱཀ་གི་སྲས་སུ་འཁྲུངས། །ང་མིན་ཆོས་པས་བསྒྱུར་བ་ཡི། །བོན་ལ་ཆོས་པས་ལོག་བསླུ་ལ། །ཡང་དག་ཆོས་ཞེས་བྱ་བ་བསྒྱུར”། ཞེས་སོགས་ལུང་གིས་བསྔགས་པ་ལྟར་ཐུབ་པའི་བསྟན་པ་གཤེན་རབ་ཀྱི་གསུང་གི་བསྟན་པའི་དུས་སུ་བྱུང་བར་ངེས་ཀྱང་། གསུང་བསྟན་མི་ལོ་ཁྲི་གཅིག་གི་ཡུན་ཚད་ནང་ནས་ཐུབ་པའི་བསྟན་པ་དེ་གཤེན་རབ་ཀྱི་གསུང་བསྟན་དཀྱིལ་སྨད་ནས་ཐུགས་བསྟན་གྱི་ཆ་སྟོད་བར་གནས་ཚུལ་རྩ་རྒྱུད་ཉི་སྒྲོན་སོགས་ལས་གསལ་བ་དང་། བསྒྲགས་བྱང་སོགས་ལས། “སུམ་ཅུར་གསུང་གིས་འདུལ་ཏེ་ཆོས་སུ་བསྟན”། ཞེས་སོགས་ཀྱི་ལུང་དོན་དང་དངོས་པའི་གནས་ཚུལ་རྣམས་དོན་ལ་མཐུན་པར་སེམས། མདོར་ན་རྩོད་ལྡན་ཚེ་ལོ་བརྒྱ་པར་ཚེ་དམིགས་ཀྱི་ཁྱད་པར་དུ་བྱས་པའི་སྟོན་པ་ནི་གཤེན་རབ་ཁས་ལེན་ལ། ཤཱཀྱ་ཐུབ་པ་ནི་གསུང་གི་བསྟན་པའི་ཟུར་སྡོང་དུ་འགྲོ་དོན་བྱོན་པར་ཁས་ལེན་བྱེད་པའོ།། །།