བོན་ལུགས་ལ་རྨི་ལམ་བརྟག་ཐབས་ཀྱི་དཔེ་ཆ་ལེགས་ཤོས་དེ་གང་རེད།
རྩོམ་བྲིས་པ། དགེ་བཤེས་ཁྲི་རྒྱལ་དང་དོན་ཀུན་འགྲུབ་པ་སོགས། དྲི་བ་འདོན་མཁན། མུ་ཏིག་བདུན་པ།
དྲི་བ། བོན་ལུགས་ལ་འཇིག་རྟེན་པའི་རྨི་ལམ་བརྟག་ཐབས་ཀྱི་དཔེ་ཆ་དེ་འདྲ་ཡོད་རེད་པས། དེ་གང་ནས་རག་སྲིད་བཀའ་ལན་གནང་རོགས།
ལན། རྨི་ལམ་བརྟག་ཐབས་སྐོར་ལ་ཅུང་ཙམ་དཔྱད་ན། རྒྱལ་གཤེན་གྱིས་མཛད་པའི་མ་རྒྱུད་ཀྱི་འགྲེལ་ནང་དུ་གཉིད་པ་ལམ་འཁྱེར་དང་རྨི་བ་ལམ་འཁྱེར་སོགས་ཡོད་པ་མ་ཟད། བྲུ་རྒྱལ་གྱིས་གསུངས་གནང་བའི་ལམ་ཉམས་སུ་ལེན་པ་འོད་གསལ་སྒོམ་ཁྲིད་ཀྱི་ཁྲིད་གཞུང་སྐབས་གཉིད་འཐུག་ན་འཐུག་པའི་འོད་གསལ་དང་། སྲབ་ན་སྲབ་པའི་འོད་གསལ་སྐོར་རྣམས་འདུག གང་ལྟར་ཤར་ཁོག་གཙོ་ཚང་དགོན་གྱི་ལྷ་སྡེ་ཝ་ངུ་ཚང་ཞེས་པ་ལ་རྨི་ལམ་བསྒྱུར་བ་ཞེས་པའི་ཡིག་དཀོན་ཞིག་ཡོད་ཀྱང་ད་ལྟ་ཁྱིམ་ཚང་དེ་བ་ཚང་གིས་ལག་དུ་འཇོག་གི་མི་འདུག མ་འོངས་པར་ཐབས་ཤེས་གང་དྲག་གིས་འབྲེལ་བ་བརྒྱུད་དེ་རྣམ་པ་ཚོའི་སྤྱན་ལམ་དུ་འབུལ་བརྩིས་ཡོད།
_____དགེ་བཤེས་ཁྲི་གཙུག་རྒྱལ་མཚན།
སྐབས་འདིར་གཙོ་བོའི་རྨི་ལམ་ནི་རྒྱུ་བོན་ཕྱྭ་གཤེན་ཐེག་པའི་བརྡ་ཐབས་དང་ལེགས་ཉེས་རྟེན་འབྲེལ་བརྟག་པ་ཡིན་ལ། ཐེག་ཆེན་གྱི་ལམ་འཁྱེར་རྨི་ལམ་དེ་མིན། དེ་ཡང་རང་རེ་བོན་ལུགས་ལ་ཡེ་རྗེ་སྨོན་པའི་རྨི་ལམ་གྱི་གཞུང་ཡོད་ཚུལ་གསལ་ཡང་ད་ཆ་དེ་ནུབ་ཚར་ཡོད་མེད་ཆ་མི་འཚལ་ཞིང་། དེ་འདྲའི་གཞུང་ཁུངས་ཐུབ་ཀྱི་དཔེ་དཀོན་བཙལ་འཚོལ་བྱེད་དགོས་འདུག་ལ། དེ་མིན་རང་རྐྱ་ཐུབ་པའི་གཞུང་མ་མཐོང་རུང་རེ་ཟུང་འཐུ་སྒྲིག་བྱེད་ཡུལ་ནི། གསོ་རིག་འབུམ་བཞིའི་འཆི་ལྟས་སྐོར་དང་། དབལ་གསས་སྡེ་བརྒྱད་བཟློག་པའི་གཟུངས་ལས་སྡེ་བརྒྱད་སོ་སོའི་གནོད་པ་རྨིས་ཚུལ་དང་དེ་ཉིད་བཟློག་ཚུལ་སོགས། བཀའ་ལ་དཔེར་ན། ནེའུ་ཆུང་བདུད་ཀྱིས་བསླུས་ཁའི་རྨི་ལྟས་ལྟ་བུ་ངན་པའི་རྟགས་དང་། ཀོང་ཙེ་ཕྱྭ་དང་འཕྲད་ཁའི་བཟང་ལྟས་སོགས་དང་། ཡི་དམ་དབང་སོ་སོའི་ལམ་སྒོ་དབྱེ་བའི་རྨི་ལམ་སྒུག་པ། ཡི་དམ་དང་ཆོ་ག་སོ་སོའི་བསྙེན་སྒྲུབ་རྨིས་ལྟས་སོགས་དང་། དཔེརན་དབལ་ཕུར་ལས། དྲོད་ཚད་ཀྱི་རྒྱལ་པོ་རྨིས་པའི་རྨི་ལྟས་བཟུངས། ཞེས་གསུངས་པ་ལྟར་ཡིན།
_____དགེ་བཤེས་དོན་ཀུན་འགྲུབ་པ་ནས།
གོང་གི་དགེ་བའི་བཤེས་གཉེན་རྣམ་པས་གསུངས་པ་ལྟར་བོན་ལུགས་ལ་རྨི་ལམ་བརྟག་ཐབས་ཀྱི་སྐོར་ཡེ་རྗེ་སྨོན་པའི་རྨི་ལམ་སོགས་ཁུངས་བཏུག་ས་ངེས་ཅན་ཡོད་འདུག་ལ། ལྷག་པར་བོན་ལུགས་ཙམ་མ་ཟད་གཞན་སྡེའི་མཁས་དབང་དཔེར་ན་ཉི་ཟླ་ལྕེ་ནག་ཚང་གིས་ ʼʼ དེ་ཡང་བོད་ཀྱི་ཐོག་མའི་རྨི་ལམ་གྱི་འབྱུང་ཁུངས་ནི་ཞང་ཞུང་བོན་ལུགས་ཀྱི་ཕྱྭ་གཤེན་པའི་ཡེ་རྗེ་སྨོན་པའི་རྨི་ལམ་ཞེས་པ་ཡིན་ལ། འདིའི་ནང་དོན་དུ་གཟའ་ཚེས་ཁྱད་པར་ཅན་དང་ཕྱྭའི་ལྷ་བསྙེན་པའི་ཐབས་ཤེས་ལ་བསྟེན་ནས་རྨི་ལམ་གསལ་པོའི་སྒོ་ནས་ལུང་བསྟན་ཐོབ་པ་དང་། རྨི་ལམ་དབང་དུ་བསྒྱུར་བ་སོགས་ཀྱི་ཐབས་ཤེས་སྐོར་བསྟན་ཡོད། དེ་ནི་གནའ་རབས་ནས་དར་བའི་བོན་གྱི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཏུ་མངོན་ནའང་། རྨི་ལམ་གྱི་འགྲེལ་བཤད་དང་དེའི་ཕན་གནོད་སོགས་ལ་ཞིབ་ཕྲའི་བརྟག་དཔྱད་བྱས་ན། དེ་རུ་དང་པོ་ནས་འཕྲོད་བསྟེན་དང་འབྲེལ་བ་ཆགས་ཡོད་པ་ཞིག་ཏུ་མངོན་པ་ཡིན་ཏེ། རྒྱུ་མཚན་ནི། རྨི་ལམ་འབྱུང་ཚུལ་དང་དེའི་བྱེད་ནུས།རྨི་ལམ་བརྒྱུད་ནས་ན་ཚ་དང་གོད་ཁ་ཡོང་མིན་དང་། ནད་གཞི་དྲག་བསྐྱེད་ཅི་འདྲ་ཡོང་མིན། ལུས་སེམས་ཀྱི་གནད་ཀྱིས་རྨི་ལམ་གང་ལྟར་གསལ་བར་བྱེད་པ་སོགས་ཀྱི་སྐོར་མི་ཉུང་བ་ཞིག་གསོ་རིག་གི་ནང་དོན་དང་མཐུན་པ་ཡིན། ʼʼ ཞེས་རྨི་ལམ་བརྟག་ཐབས་ཀྱི་ཁུངས་བོན་ལུགས་ལ་བཏུག་ཡོད། ད་ལན་གནས་ཡུལ་སོགས་ཀྱིས་རྣམ་པ་ཚོའི་སྤྱན་ལམ་དུ་གོང་གི་ཕྱག་དཔེ་དེ་དག་འབུལ་མ་ཐུབ་ཀྱང་རིམ་པར་ཐབས་ཤེས་བྱ་རྒྱུ་ཡིན། །