བོན་ལུགས་ལ་མཛོད་རྩ་འགྲེལ་ག་ཚོད་ཡོད་དམ།
རྩོམ་བྲིས་པ། དགེ་བཛྲ་གུ་རུ། དྲི་བ་གཏོང་མཁན། དགེ་ལྐོག་མིག
དྲི་བ། བོན་ལུགས་ལ་མཛོད་རྩ་འགྲེལ་ག་ཚོད་ཡོད་དམ།
ལན། ཐོག་མར་སྲིད་པ་ཀུན་འབྱུང་མཛོད་ཀྱི་སྡེ་ལ། སྟོན་པའི་སྐུ་ཡི་སྲས་ཆེ་བ་གཏོ་བུ་འབུམ་སངས་སམ། ཚུལ་མཚན་དྲང་སྲོང་རྒྱལ་བས་ (སྤྱི་ལོ་གོང་གི་ ༡༤༥༠༩ ལོར་འཁྲུངས།) མཛད་པའི་མཛོད་ཀྱི་འབྲུ་འགྲེལ། ལྷ་རབ་འོད་དཀར་གྱི་སྲས་ལྷ་གཤེན་ཡོངས་སུ་དག་པས་ (ལྷ་གཤེན་ནི་ཀུན་མཁྱེན་གྱི་བསྟན་རྩིས་ལྟར་ན་སྤྱི་ལོའི་སྔོན་གྱི་ལོ་ ༢༠༨༩ དུས་ཙམ་ནས་གསང་སྔགས་ཀྱི་བོན་སྤེལ་བར་བཤད་པ་ཙམ་ལས་འཁྲུངས་ལོ་མ་གསལ།) མཛད་པའི་མཛོད་ལྷ་འགྲེལ། མཁས་པ་མི་བཞིས་ (བསྟན་རྩིས་ཁག་ཏུ་འཁྲུངས་འདས་ཀྱི་ལོ་ཚིག་མ་གསལ། འོན་ཀྱང་བསྟན་འབྱུང་ལོ་རྒྱུས་ཁག་ཏུ་གྲི་གུམ་གྱི་ལོ་རྒྱུས་འཆད་སྐབས་མཁས་པ་མི་བཞིའི་སྐུ་ཚེའི་སྨད་ལ་བོན་བསྣུབ་པར་གསལ་བ་ལྟར་ན་གནམ་གྱི་ཁྲི་བདུན་གྱི་སྔོན་དུས་ཙམ་ན་ཕེབས་སམ་སྙམ།) མཛད་པའི་མཁས་བཞིའི་མཛོད། བླ་ཆེན་དྲན་པས་ (སྤྱི་ལོའི་སྔོན་གྱི་ ༩༡༤ ལོར་འཁྲུངས།) མཛད་པའི་མཛོད་སྒྲ་འགྲེལ། རྨེའུ་མཁས་པ་དཔལ་ཆེན་ (སྤྱི་ལོ་ ༡༠༥༢ ལོར་འཁྲུངས།)གྱིས་མཛད་པའི་མཛོད་འགྲེལ། གཉོས་ཚུལ་ཁྲིམས་རྒྱལ་མཚན་ (སྤྱི་ལོ་ ༡༡༤༤ ལོར་འཁྲུངས།) གྱིས་མཛད་པའི་སྣོད་བཅུད་ཀྱི་གཞུང་དང་། སྣོད་བཅུད་དོན་འགྲེལ། འགྲོ་མགོན་བློ་གྲོས་རྒྱལ་མཚན་ (སྤྱི་ལོ་ ༡༡༩༨ ལོར་འཁྲུངས།) གྱིས་མཛད་པའི་མཛོད་ཀྱི་དོན་འགྲེལ། བྲུ་སྟོན་རྒྱལ་བ་གཡུང་དྲུང་ (སྤྱི་ལོ་ ༡༢༤༢ ལོར་འཁྲུངས།) གིས་མཛད་པའི་སྣོད་བཅུད་ཀྱི་འགྲེལ། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་ (སྤྱི་ལོ་ ༡༢༣༨ ལོར་འཁྲུངས་ཞེས་ ༢༠༠༦ ལོར་དགེ་བཤེས་རྣམ་དག་གཙུག་ཕུད་ནས་དཔར་བསྐྲུན་གནངས་པའི་མཛད་པ་པོའི་རྣམ་ཐར་ལས་གསལ།) གྱིས་མཛད་པའི་མཛོད་ཀྱི་བསྡུས་དོན་མཛོད་ཀུན་བཏུས་དང་། དེའི་འགྲེལ་བ། མཉམ་མེད་ཤེས་རབ་རྒྱལ་མཚན་ (སྤྱི་ལོ་ ༡༣༥༦ ལོར་འཁྲུངས) གྱིས་མཛད་པའི་མཛོད་འགྲེལ། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་ (སྤྱི་ལོ་ ༡༣༦༠ ལོར་འཁྲུངས) གྱིས་མཛད་པའི་མཛོད་ཀྱི་ཐལ་འཕྲེང་། ༸སྨན་རིའི་ཡོངས་འཛིན་བསྟན་རྣམ་དག་ (༡༩༢༦ ཧོར་ཟླ་ ༡ ཚེས་ ༡༥ འཁྲུངས།) མཆོག་གིས་མཛད་པའི་མཛོད་རྩ་བཅས་སོ། དེ་མིན་བོན་གྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་མཛོད་རྩ་དང་འགྲེལ་ཆ་ལག་ཡོད་པར་སྣང་ཡང་། ཡིད་ཕངས་བ་ཞིག་ལ་ཞྭ་དཀར་གཡུང་དྲུང་བོན་གྱི་རྒྱལ་བསྟན་རིན་པོ་ཆེ་ལ་སྔ་ཕྱི་བར་གསུམ་དུ་གྲུབ་མཐའི་འཁྲུག་རྩོད་ཀྱིས་ཉམས་ཆག་གང་མང་ཞིག་སོང་ནས་གཞུང་ལུགས་མང་པོ་ཞིག་ཀྱང་སྐབས་དེ་ཚོར་རྩ་མེད་དུ་ཕྱིན་ཡོད། །