བོན་ལུགས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་གང་ཡིན་ནམ།
རྩོམ་བྲིས་པ། ཁྱུང་གསེར་ཞུན། དྲི་བ་གཏོང་མཁན། ཟྭ་བྷོ་ལོ།
དྲི་བ། བོན་ལུགས་འདུལ་བ་རྒྱུད་དྲུག་ལས། གསུང་རབ་ཡན་ལག་བཅུ་གཉིས་འདུ། དབྱིངས་དང་ཡེ་ཤེས་ཨ་ཡི་སྙིང་པོར་གྲུབ། སོགས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་གང་ཡིན་ནམ།
ལན། ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལས། “གཉིས་པ་མདོ་ཡི་རྣམ་གྲངས་བསྟན་པ་ནི། འབྲིང་ནི་གསུང་རབ་བཅུ་གཉིས་ཞེས་པས། བྱེ་མ་ཆུ་འབུམ་སྣང་སྲིད་དད་ཆད་མདོ་ཡོད་དེ་མདོའི་སྡེ། ནམ་མཁའ་ཡངས་ཆེན་མདོ་བཏང་རག་བསྙད་པའི་སྡེ། ཤེས་རབ་མདོར་བསྟན་རྒྱས་སྡུས་མདོ་ལུང་དུ་བསྟན་པའི་སྡེ། སྤྱོད་བྱ་དོན་ལྡན་ཚིགས་སུ་བཅད་པའི་སྡེ་དང་བཞི། ཁམས་གསུམ་སེམས་ཅན་སྐྱེ་འཆིའི་མདོ་ཆེད་དུ་བརྗོད་པའི་སྡེ། དུས་གསུམ་གཤེན་རབ་བྱུང་ཁུངས་མདོ་གླེང་གཞིའི་སྡེ། ལྟ་བ་སྐྱེ་མེད་ལ་བཅད་མདོ་རྟོགས་བརྗོད་ཀྱི་སྡེ། ཡེ་གཤེན་གསལ་བ་སེམས་འབུམ་ལྟ་བ་སྤྱི་ཆིངས་མདོ་ད་ལྟར་བྱུང་བའི་སྡེ་དང་བཞི། སྣང་སྲིད་འབྱུང་བ་ཆགས་འཇིག་གཤེན་རབ་ཀྱི་སྡེ། སྤྱོད་པ་འདུལ་ཁྲིམས་ཀྱི་མདོ་ཤིན་ཏུ་རྒྱས་པའི་སྡེ། བླ་མེད་གོང་འཕང་ལམ་གྱི་མདོ་རྨད་དུ་བྱུང་བའི་སྡེ། ཉི་ཁྲི་འབུམ་གཏན་ལ་ཕབས་པའི་སྡེ་དང་བཞིའོ། །” ཞེས་པས་དེ་དག་མིན་ནམ་སྙམ།།