བོན་ལུགས་ཀྱི་གནས་མཇལ་འགྲོ་སྟངས་ཇི་ལྟར་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། སྤྱིར་བོད་ཀྱི་སྲོལ་རྒྱུན་གནས་མཇལ་འགྲོ་བའི་ལམ་ལུགས་འདི་ནི་ཆེས་གནའ་བོའི་དུས་ནས་ཡོད་པར་ངེས་ཏེ། ཀླུ་འབུམ་སོགས་ལས་ཡུལ་གྱི་གཞི་བདག་དང་ལྷ་ཀླུ་རྣམས་ལ་མཆོད་ཅིང་གྲོགས་སུ་འཚོལ་ན་མགོན་སྐྱབས་དཔུང་གཉེན་བྱེད་པ་དང་། དེ་དག་ལ་གནོད་འཚེ་བྱུང་ན་མི་ཕྱུག་སོགས་ལ་གནོད་པ་འབྱུང་གི་ཡོད་པར་གསུངས་པ་དང་། སྔོན་སྟོན་པ་ཞལ་བཞུགས་པའི་སྐབས་སུ་མི་དང་ལྷ་ཀླུ་རྣམས་ཀྱིས་གཡུང་དྲུང་དགུ་རྩེགས་ཀྱི་རི་ལ་སྐོར་བ་བྱེད་དོ། མཆོད་པ་འབུལ་ལོ། ཞེས་སོགས་དང་། ད་དུང་གཡུང་དྲུང་གཙུག་གཤེན་རྒྱལ་བ་ཧོས་དངས་བ་ཡིད་རིང་གི་མཆོད་གནས་སུ་ཕེབས་སྐབས་ཀྱང་ཡུལ་དེའི་མི་དང་དུད་འགྲོ་རྣམས་ཀྱིས་བཞུགས་གནས་ཀྱི་རི་ལ་སྐོར་བ་བྱེད་པ་དང་ལྷ་ཕྱག་འཚལ་བ་སོགས་ལོ་རྒྱུས་རྣམས་ཀྱིས་ཤེས་ནུས། ལོ་རྒྱུས་དེ་དག་ལ་གཞི་བཅོལ་ཏེ་བོད་གངས་ཅན་ལྗོངས་སུ་ཡང་གཡུང་དྲུང་བོན་གྱི་གནས་རི་བླ་མཚོ་གང་མང་ཞིག་ལ་གནའ་ནས་ད་བར་ཕྱག་སྐོར་མཆོད་འབུལ་བྱེད་པ་རྒྱུན་ཆད་མེད།