བོན་ལ་མོ་འདེབས་ཚུལ་དང་དེའི་ཕྱག་ཆ་སོགས་གང་འདྲ་ཡོད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཡེས་ཤེས་བསམ་འགྲུབ།
དྲི་བ། བོན་ལ་མོ་འདེབས་ཚུལ་(ཐུན་མོངས་མ་ཡིན་པ་)ཡོད་པར་གོ་ཐོས་བྱུང་བས་མོ་འདེབས་ཚུལ་དང་དེའི་ཕྱག་(ཆ)སོགས་དམིགས་གསལ་གང་ཡོད་ངོ་སྤྲོད་དང་། ད་དུང་རྩིས་ཀྱི་སྐོར་ཇི་འདྲ་ཡོད་མིན་བཅས་གསུང་གནང་ཡོད་པ་ཞུ།
ལན། ད་ལྟའི་བེད་སྤྱོད་བཞིན་པའི་ཐུན་མོངས་མ་ཡིན་པའི་མོ་དཔྱད་སྐོར། ཞང་ཞུང་ཇུ་ཐིག་དང་སྲིད་རྒྱལ་དུས་དྲུག ཨབ་བསྲེའི་ཤོ་མོ་སོགས་ཡོད། སྤྱིར་བཏང་གཡུང་དྲུང་བོན་ལུགས་པྲ་ལྟས་མོ་ཡི་སྐོར་ལ། སྟོན་པ་ཐུགས་རྗེ་ཅན་གྱིས་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག ཡེ་མཁྱེན་དགྲ་བླའི་མངོན་ཤེས། ཡེ་རྗེ་སྨོན་པའི་རྨི་ལམ། ཡེ་དབང་ལྷ་ཡི་བཀའ་བབས་ཏེ་གཙོ་བོར་རྣམ་པ་བཞི་རུ་གསུངས་པའི་ནང་ནས་ཞང་ཞུང་ཇུ་ཐིག་དང་གབ་ཙེའི་ཆོ་ལོ་སོགས་ལེགས་ཉེས་བརྟག་ཐབས་ཤིན་ཏུ་མང་པོ་ད་ལྟར་མཇལ་ཡུལ་ཡོད།
མོ་དཔྱད་ཕྱག་ཆའི་སྐོར་ལའང་ཞང་ཞུང་ཇུ་ཐིག་ལྟ་བུ་ལ་ཐག་མདུད་དང་ཤོ་རྡེལ། དེ་བཞིན་སོག་མོ་ཅི་རིགས་ཡོད་ལ། སྲིད་རྒྱལ་དུས་དྲུག་དང་ཨབ་བསེའི་ཤོ་མོ་ལྟ་བུ་ལ་ནི་ཤོ་རྡེལ་ཡིན། འདི་ཚོའི་སྐོར་རྒྱས་པ་ཞང་ཞུང་ཇུ་ཐིག་སོགས་ལ་གཟིགས་དགོས། དེ་བཞིན་དྲི་བ་གཉིས་པ་བོན་ལུགས་རྩིས་ཀྱི་སྐོར་སྟབས་བདེར་འདིར་བཀོད་པས་དེར་གཟིགས་པར་ཞུ། །