བོན་རང་ལུགས་ལ་དྲང་སྲོང་མ་དང་གཙང་གཙུག་མ་རྣམས་ཀྱི་སྡོམ་པ་འབོག་བྱེད་ཀྱི་གཞུང་དམིགས་བསལ་ཡོད་དམ།
རྩོམ་བྲིས་པ། དགེ་བཤེས་བསམ་གཏན་གཙུག་ཕུད། དྲི་བ་འདོན་མཁན། མུ་ལ།
དྲི་བ། བོན་ལུགས་ལ་དྲང་སྲོང་མ་དང་གཙང་གཙུག་མ་རྣམས་ཀྱི་སྡོམ་པ་འབོག་བྱེད་ཀྱི་གཞུང་དང་། དེ་མིན་སྡོམ་རྒྱུད་སོགས་ཀྱི་སྐོར་དམིགས་བསལ་ཡོད་དམ།
ལན། འདུལ་བའི་སྡོམ་པ་འབོག་བྱེད་ཀྱི་གཞུང་ནི། གཡུང་དྲུང་ལས་རྣམ་པར་དག་རྒྱུད་དང་། འདུལ་བ་རྒྱུད་དྲུག། མདོ་གཟེར་མིག དྲི་མེད་གཟི་བརྗིད་བཅས་བཀའ་ཡི་སྡེ་ཚན་དེ་དག་གི་ནང་ནས་སྡོམ་པ་འབོག་པའི་ཆོ་ག་འབྱུང་བ་ཡིན་པ་མ་ཟད་མཛད་མདོ་རྒྱས་པ་ལས་སྡོམ་པ་འབོག་པའི་སྡེ་ལ་སྤྱི་ཡི་ཆ་ནས་ཁྱིམ་པའི་སྡེ་དང་རབ་བྱུང་གི་སྡེ་གཉིས་སུ་དབྱེ་བ་དང་། དེ་ལ་ནང་གསེས་སུ་བསྙེན་གནས་དང་། དགེ་བསྙེན། གཙང་གཙུག་དང་། དྲང་སྲོང་བཅས་སྡེ་བཞི་ལ་ཕོ་མོ་གཉིས་རེ་ཕྱེས་པས་སོ་ཐར་རིགས་བརྒྱད་དང་། དེ་རེ་རེ་ལ་གསུམ་རེ་ཕྱེས་པའི་བརྒྱད་གསུམ་ཉེར་བཞིའི་སྡེ་ཚན་དབྱེ་སྟངས་དང་། དེ་བཞིན་སྲུང་ཁྲིམས་རྩ་བ་དང་ཡན་ལག་གི་སྡོམ་པའི་རྣམས་གྲངས་ལ་ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་། མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་སོགས་ཀྱི་རྣམ་དབྱེ་དང་ངོ་བོ་ཞིབ་ནས་ཞིབ་ཏུ་ཕྱེས་པ་ཡོད།
དེ་དག་ལག་ཏུ་ལེན་པའི་ལས་ཐབས་དང་རྩ་འགྲེལ་སྐོར་ལ་བསྟན་པ་སྔ་དར་སྐབས་སུ་སྟག་གཟིག་དང་། མངའ་རིས། མདོ་ཁམས་ཀྱི་མཁན་རྒྱུད་རྣམས་ཀྱིས་མཛད་པ་དུ་མ་ཞིག་ཡོད་པ་ཟུར་བལྟས་ལེབ་མཐོང་ཡིན་ཡང་བོན་དང་བོན་པོས་དུས་ཚེགས་ཀྱི་གཉན་འཕྲང་མང་པོ་བརྒྱུད་དགོས་བྱུང་སྟབས་འདུལ་རྒྱུད་མཁན་པོ་རྣམས་ཀྱི་ལོ་རྒྱུས་ཐར་ཐོར་དང་མཚན་བྱང་ཙམ་ལས་ཁོང་རྣམ་པས་མཛད་པའི་འདུལ་བ་རྩ་འགྲེལ་གྱི་དཔེ་ཆ་ལྷག་མ་ཞིག་ད་སྔོན་ང་ཚོས་མཇལ་སྐལ་དུ་མ་གྱུར། དེ་རྗེས་རྗེ་བཙུན་ཁྲོ་ཚང་དང་གཡས་རུའི་མཁས་གྲུབ་རྣམས་ཀྱི་རིང་འདུལ་བའི་སྡོམ་པ་ལེན་པའི་ལས་ཆོག་ཁྲིགས་སུ་བསྒྲིགས་པ་ཡོད་དགོས་པ་ནི་འགྲོ་མགོན་བློ་གྲོས་ཀྱི་བཅའ་ཡིག་ལ་གཟིགས་པ་ཙམ་གྱིས་མཁྱེན་ཐུབ་པ་འདུག་ཀྱང་དེ་དག་ཀྱང་ང་ཚོས་མཇལ་སྤྱོད་ཀྱི་ཡུལ་དུ་མ་བཞུགས། ཡིན་ཡང་ད་ཡོད་ང་ཚོས་སྤྱོད་སྦྱོང་སྤེལ་གསུམ་དང་། ལག་ཏུ་ལེན་རྒྱུའི་འདུལ་བའི་རྩ་འགྲེལ་སྐོར་ལ་ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་འདུལ་བ་མདོར་བསྡུས་པའི་གཞུང་དང་། འདུལ་བ་ཀུན་བཏུས་ཀྱི་གཞུང་། རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ་དང་། འདུལ་བ་མདོར་བསྡུས་ཀྱི་འགྲེལ་བ། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་དང་། ༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི་འདུལ་བའི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་སོགས་འདུལ་བའི་རྩ་འགྲེལ་སྣ་ཚོགས་ཡོད་ལ། འདུལ་བའི་སྡོམ་པ་འབོག་པའི་ཆོ་ག་ལ་ཡང་རྗེ་རིན་པོ་ཆེས་མཛད་པའི་འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས་དང་། ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི་འདུལ་བའི་ལས་ཆོག་རྒྱས་བསྡུས་ཁ་ཤས་བཞུགས་ཡོད་པ་མ་ཟད་ལྷག་ཏུ་འདུལ་བ་རྒྱུད་དྲུག་ནས་ཟུར་དུ་ཕྱུང་བ་མོ་སྡོམ་ལེན་པའི་ཆོ་ག་<<དྲང་སྲོང་མོ་ཡི་བསྙེན་རྫོགས་ཀྱི་སྡོམ་པ་ལེན་ཚུལ་མདོ་དོན་གསལ་བ་>>ཞེས་པ་ཞིག་ཀྱང་དྲང་སྲོང་མ་རྣམས་ལ་སྡོམ་པ་འབོག་པའི་ལས་ཐབས་ཀྱི་སྐྱེས་སུ་བཞག་ཡོད།
འདུལ་བའི་བརྒྱུད་རིམ་ནི། ཐོག་མར་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཆེས་གཤེན་གྱི་དགུང་གྲངས་སོ་གཅིག་བཞེས་པ་དང་། འཁོར་བའི་སྡུག་བསྔལ་དང་འདུ་འཛི་ལ་ཡིད་སུན་ནས་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་རབ་ཏུ་བྱུང་ཞིང་དེ་ནས་དྲང་སྲོང་ལེགས་ལྡན་རྒྱལ་བའི་དྲུང་དུ་ཕེབས་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་དཀའ་ཐུབ་མཛད། དེ་ནས་གསས་མཁར་ཁྲི་སྨོན་རྒྱལ་བཞད་དང་། ཁོ་མ་ནེའུ་ཆུང་གཉིས་ཀྱི་བར་དུ་ཁྲི་བརྩེགས་ཤིང་བཞུགས་སུ་གསོལ་ནས་འཁོར་དུ་གཏོགས་པའི་སྡེ་རྣམས་ཕོ་གྲལ་གཡས་དང་། མོ་གྲལ་གཡོན་དུ་ཕྱེས་ཤིང་གྲལ་བསྒྲིགས་ནས་སྡོམ་པ་གནང་སྟེ་སྟོན་པ་ཁྲི་གཙུག་རྒྱལ་བས་སློབ་དཔོན་དང་། ཡིད་ཀྱི་ཁྱེའུ་ཆུང་གིས་མཁན་པོ། འ་ཞ་གསང་བས་དཔང་པོ་བཅས་མཛད་དེ་ཕོ་ཁྲིམས་མོ་ཁྲིམས་གཉིས་ཀའི་འདུལ་བརྒྱུད་སྤེལ་བ་དང་། གླིང་སོ་སོར་ཕྱེས་པ་ནས་བཟུང་སྤྲུལ་སྐུའི་མཁན་བརྒྱུད་བདུན་དང་། སྟག་གཟིག་གི་མཁན་བརྒྱུད་དགུ། མངའ་རིས་ཀྱི་མཁན་བརྒྱུད་དགུ། མདོ་ཁམས་ཀྱི་མཁན་བརྒྱུད་དྲུག དེ་མུས་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་༼༸རྒྱལ་བ་སྨན་རི་བའི་༧ཁྲི་འཛིན་སོ་གསུམ་པ་ལུང་རྟ྄ོགས་བསྟན་པའི་ཉི་མ། ༸རྒྱལ་བ་སྨན་རི་བའི་༧ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག༽ལ་མ་ཐུག་བར་དབུས་གཙང་གི་མཁན་རྒྱུད་ ༥༦ ཕྱིན་པ་བཅས་ནི་རབ་བྱུང་ཕོ་མོ་གཉིས་ཀའི་འདུལ་བའི་བརྒྱུད་འཛིན་པ་ཡིན་པར་གོའོ། །
ཁྱད་པར་དུ་<<འདུལ་བ་སྤྱི་ལྟོས་འགོག་པ་སྡོམ་བྱེད་རྒྱུད་ལས་>> “དེ་ཡང་བུད་མེད་ཀྱི་མཁན་སློབ་བུད་མེད་ལ་འོས། དྲང་སྲོང་མ་ངེས་འབྱུང་བློ་ལྡན་ལ་བྱ།” ཞེས་དང་། “དྲང་སྲོང་མ་ཡི་མཁན་སློབ་དམིགས་བསལ་བ་སྐྱེས་པ་བསྙེན་རྫོགས་མཁས་བཙུན་ལྡན་པར་བྱ།” ཞེས་པ་སོགས་ཀྱི་ལུང་དོན་དང་། རྣམ་བཞག་ཞིབ་ཕྲ་མཁྱེན་པར་འདོད་ཚེ་འདུལ་བའི་རྒྱུད་གཞུང་ཁག་དང་། ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་རྒྱུད་ལུང་ནས་ཕྱོགས་སུ་བཏུས་པ་<<འདུལ་བའི་བརྒྱུད་རིམ་ཇི་ལྟར་བྱུང་བའི་ཁུངས་ཀྱི་ལུང་མཚན་>>ཞེས་པ་སོགས་ལ་གཟིགས་ཞིབ་གནང་རྒྱུ་ཤིན་ཏུ་གལ་ཆེ་ཞེས་ཞུའོ།། །།