བོན་རང་ལུགས་ཀྱི་བློ་ལྡོག་རྣམ་བཞི་སྐོར་གྱི་སྟོན་པའི་བཀའ་གང་ལ་གསལ་ཡོད་དམ།
ལག་བསྟར་བ། དོ་དམ་པ། · ཟླ་བརྒྱད་པ། 24, 2017
ལན་འབུལ་མཁན། རྩོམ་སྒྲིག་པ། དྲི་བ་གནང་མཁན། སུམ་གླང་བོན་ཆུང་།
དྲི་བ། བོན་རང་ལུགས་ཀྱི་བློ་ལྡོག་རྣམ་བཞི་སྐོར་གྱི་སྟོན་པའི་བཀའ་གང་ལ་གསལ་ཡོད་དམ།
ལན། སྤྱིར་བཏང་བློ་ལྡོག་རྣམ་བཞིའི་ལེའུ་ཁོ་ན་བསྟན་པའི་སྟོན་པའི་བཀའ་ཞིག་ཡོད་པ་ད་བར་མ་མཇལ་ཡང་། དལ་འབྱོར་རྙེད་པར་དཀའ་བ་སྒོམ་པ་དང་། ཚེ་མི་རྟག་སྒོམ་པ། འཁོར་བའི་ཉེས་མིག་སྒོམ་པ། ལས་རྒྱུ་འབྲས་སྒོམ་པའམ་དད་པ་ཡིད་ཆེས་སྒོམ་པ་སོགས་ཇི་ལྟར་སྒོམ་དགོས་མིན་བཀའ་ལུང་ཇི་རྙེད་ཅིག་ཡོད། དེའང་སྒོམ་པའི་བོན་བདུན་དང་། བློ་ལྡོག་པའི་བོན་བཞི་སོགས་འཆད་སྟངས་ཀྱང་མང་པོ་ཡོད་ལ། བོན་རང་ལུགས་སུ་གོ་རིམ་ཡང་དཔེར་མཚོན་བཀའ་བརྟེན་སུམ་བརྒྱ་པའི་འགྲེལ་ལྟར། “ དེ་ནས་འཁོར་བ་དང་ངན་སོང་གི་རྒྱུ་སྤངས་པ་དང་། གནས་སྐབས་མཐོ་རིས་དང་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པ་གང་ཡང་དལ་འབྱོར་ལ་བརྟེན་ནས་སྒྲུབ་དགོས་པས་དལ་འབྱོར་གཉིས་པར་བསྟན། དེ་ནས་ཚེ་འདིར་རྟག་འཛིན་གྱི་བློ་མ་ལོག་ན་ཕྱི་མ་དོན་གཉེར་གྱི་བློ་མི་སྐྱེ་བས་འཆི་བ་མི་རྟག་པ་གསུམ་པར་བསྟན། དེ་ནས་ཤི་བའི་རྗེས་སུ་འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་བ་ལས་མེད་པས་འཁོར་བའི་ཉེས་དམིགས་བཞི་པར་བསྟན། དེ་རྣམས་ལ་ལེགས་པར་བསམ་ན་ངན་སོང་གི་སྡུག་བསྔལ་གྱིས་སྐྲག འཁོར་བ་སྤྱི་ལ་སྐྱོ་བ་སྐྱེས། འཇིག་རྟེན་འདིར་ཞེན་པ་ལོག་ནས་དད་པ་རང་བཞིན་གྱིས་སྐྱེ་བས་དད་པ་ལྔ་པར་བསྟན། །” ཞེས་པ་ལྟ་བུ་དང་།
ཡང་། དྲང་དོན་མུན་སེལ་སྒྲོན་མ་ལས། “ ལར་རྟེན་གྱི་གང་ཟག་འབྲས་བུ་སྐུ་གསུམ་ཐོབ་པར་འདོད་པ་དེས། བོན་གསུམ་བསྒོམ་པར་བྱ་སྟེ། བསྒོམ་རྒྱུ་རྣམ་པ་བདུན། ལག་ལེན་གསུམ། བློ་ལྡོག་པའི་བོན་བཞི། དེ་ལས་བསྒོམ་པའི་བོན་བདུན་ནི། འཆི་བ་མི་རྟག་པར་བསྒོམ་པ། དལ་འབྱོར་མི་ལུས་ཐོབ་པར་དཀའ་བ་བསྒོམ་པ། འཁོར་བའི་ཉེས་མིག་བསྒོམ་པ། ལས་རྒྱུ་འབྲས་བསྒོམ་པ། བྱམས་སྙིང་རྗེ་བསྒོམ་པ། སྐྱབས་འགྲོ་སེམས་བསྐྱེད་བསྒོམ་པ། འབྲས་བུ་སྟོང་ཉིད་བསྒོམ་པ་དང་བདུན་ནོ། །ལག་ཏུ་ལེན་པའི་བོན་གསུམ་ལ། འཁོར་བའི་ཉེས་མིག་མཐོང་ལ་ཡིད་ཆེས་པས་སྐྱབས་སུ་འགྲོ་བ་ལག་ཏུ་ལེན་དགོས། ལས་དང་འབྲས་བུ་ལ་ཡིད་ཆེས་པས་བོན་དང་འགལ་བའི་སྤྱོད་པ་དོར་དགོས། །བྱམས་དང་སྙིང་རྗེ་ལས་སུ་རུང་པས། སེམས་ཅན་གྱི་དོན་ཁྱད་པར་དུ་ལག་ཏུ་བླང་དགོས་སོ། །བློ་ལྡོག་པའི་བོན་བཞི་ལ། འཆི་བ་རྗེས་སུ་དྲན་ཞིང་དལ་འབྱོར་ཐོབ་པ་དཀའ་བར་བསྒོམས་པས། ཚེ་འདི་ལ་བློ་ལྡོག་དགོས། འཁོར་བའི་ཉེས་དམིགས་མཐོང་ཞིང་ལས་རྒྱུ་འབྲས་ལ་ཡིད་ཆེས་པས་འཁོར་བ་ལས་བློ་ཟློག་དགོས། བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་རང་དོན་ཞི་བདེ་ཐོབ་འདོད་ལས་བློ་ཟློག་དགོས། གང་ཟག་དོན་ལ་བདག་མེད་པར་བསྒོམས་པས། ཡང་དག་པའི་བཟུང་འཛིན་ལས་བློ་ལྡོག་དགོས། དེ་ལྟར་དགོས་པ་ལ་བདག་གིས་མ་ཤེས་མ་རྟོགས་པས། རྟེན་དཔོན་གསས་དགེ་བའི་བཤེས་གཉེན་ཞིག་ལ་བསྟེན་དགོས། །” ཞེས་དང་།
རྫོགས་པ་ཆེན་པོ་ཡོངས་རྩེ་ཀློང་ཆེན་ལས། “ རང་གི་རྒྱུད་ལ་དལ་འབྱོར་ཐོབ་པར་དཀའ་བ་བརྟེན་ཏེ་བཙལ་བ། ཐོབ་པ་མི་རྟག་པ་ལ་བརྟེན་ཏེ་བཙལ་བའོ། གཞན་གྱི་རྒྱུད་ཀྱི་བདེ་བ་བརྟེན་ཏེ་བཙལ་བ་དང་། སྡུག་བསྔལ་ལ་བརྟེན་ཏེ་བཙལ་བའོ། །” ཞེས་སོགས་གསུངས་སོ། །
དེ་བཞིན་བློ་ལྡོག་པའི་བོན་བཞི་རེ་རེར་འཆད་སྐབས་ཀྱང་དཔེར་ན། དང་པོ་དལ་འབྱོར་ཐོབ་དཀའ་བ་ནི། མདོ་ལས། “ འཇིག་རྟེན་ཁམས་ན་སེམས་ཅན་གྲངས་མང་ཡང་། །འཛམ་གླིང་སོག་ཁར་སྐྱེ་བ་ཤིན་ཏུ་དཀའ། །གཙང་མ་མི་ལུས་ཐོབ་པ་རབ་ཏུ་དཀོན། །བདེར་གཤེགས་ཞལ་མཐོང་བརྒྱ་ལ་རེ་འགའ་ཙམ། །སྟོན་པའི་བཀའ་ཉན་ཀུན་གྱི་ཐུན་མོང་མིན། །དལ་འབྱོར་སྙེད་པའི་དུས་འདིར་འབད་དེ་བྱང་ཆུབ་བསྒྲུབ་པར་མི་བྱེད་ན། །གཞན་དག་གང་དུ་སྐྱེས་ཀྱང་མི་ཁོམས་ལོག་པར་གཡེང་། །” ཞེས་གསུངས་་པ་དང་།
ཡང་མདོ་ལས། “ དལ་ཞིང་འབྱོར་པ་ཐོབ་པའི་དུས་འདི་རུ། །འབད་དེ་བྱང་ཆུབ་བསྒྲུབ་པར་མི་བྱེད་ན། །གཙང་མ་མི་ལུས་ཐོབ་པས་ཅི་ལ་ཕན། །དཔེར་ན་རྒྱ་མཚོའི་འགྲམ་དུ་སྐོམ་ནས་ཤི། །ག་པུར་སྨན་སྡོང་རྩ་རུ་ཚད་པས་ཟིན། སྟོན་ཀའི་ལོ་ཏོག་གསེབ་ཏུ་ལྟོག་པར་ཉལ། །རིན་ཆེན་གླིང་ལ་ནོར་སྐལ་ཆད་དང་འདྲ། །” ཞེས་གསུངས།
གཉིས་པ་མི་རྟག་པ་བསམ་པ་ནི། མདོ་ལས། “ རྟག་ཏུ་རེ་རྣམས་སུན་དབྱུང་ཕྱིར། །ལན་ཅིག་མྱ་ངན་འདས་ཚུལ་སྟོན། །” ཞེས་གསུངས། ཡང་མདོ་ལས། “ ཁམས་གསུམ་སེམས་ཅན་སྐྱེ་དང་འཆི་ལ་བརྟག །” ཅེས་སོགས་གསུངས།
གསུམ་པ་འཁོར་བའི་ཉེས་དམིགས་ནི། “ གང་གི་སྐྱེས་བུས་རྒྱུན་དུ་བསམ་བྱས་ན། །འཁོར་བ་སྐད་ཅིག་བདེ་བའི་སྐབས་མེད་པས། །དེ་ལ་འཇིགས་ཤིང་སྐྱོ་བ་སྐྱེས་གྱུར་ན། །ཁམས་གསུམ་གནས་ནས་ཐར་གྱུར་མྱ་ངན་འདའ། །” ཞེས་སུམ་བརྒྱ་པ་ལས་གསུངས་པ་ལྟར། མདོ་ལས་སོགས་ནས་ཀྱང་དེ་དང་མཚུངས་པར་གསུངས་སོ། །
བཞི་པ་ལས་རྒྱུ་འབྲས་སམ་རྒྱལ་བའི་བཀའ་ལ་ཡིད་ཆེས་དད་པ་སྒོམ་པ་ནི། མདོ་ལས། “ དད་པ་དྲག་པོ་འདི་ནི་ཕྱིར་མི་ལྡོག་པའི་རྒྱུ། བསོད་ནམས་དེ་ཆེ་དཔག་ཏུ་མེད་པ་ཡིན། །” ཞེས་སོགས་མང་དག་ཅིག་གསུངས་པས་ངེས་སོ།། །།