བོན་རང་ལུགས་ཀྱི་དབུ་མའི་དཔེ་གཞུང་ལྟར་དྲི་བ་དྲི་ལན་ཁག་དགུ།
དྲི་བ་པོ། དགག་སྒྲུབ་པ། དྲི་ལན་གནང་མཁན། དགེ་བཤེས་འཕྲུལ་གྱི་ཡིག་ཚང་།
དྲི་བ་དང་པོ། མེ་སྟོན་གྱིས་མཛད་པའི་དབུ་མ་བདེན་གཉིས་ལས། གང་གིས་ཐུགས་བརྩེས་ཉེར་གཟུང་ནས། །སྤྲོས་མཐའ་འཇིག་ལ་ཕྱག་འཚལ་ལོ། །ཞེས་པའི་སྐབས་ཀྱི་སྤྲོས་མཐའ་འཇོག་སྐབས་སྤྲོས་པ་བརྒྱད་བཞག་གི་འདུག་པས་དེའི་སྐབས་ཀྱི་ཡོད་མཐའ་དང་རྟག་མཐའ་གཉིས་ཇི་ལྟར་འཇོག་དགོས་མིན་ཉིད་ཀྱི་དགོངས་ཚུལ་གང་ཡིན་ནམ་ལགས།
༡ དྲི་ལན། དེའི་སྐབས་ཀྱི་ཡོད་མཐའ་དང་རྟག་མཐའ་ནི། ཡོད་པ་ཉིད་ཡོད་པའི་མཐའ། རྟག་པ་ཉིད་རྟག་པའི་མཐའ་ཡིན།
དྲི་བ་གཉིས་པ། མེ་སྟོན་གྱི་དབུ་མ་ལས། གྲངས་དང་མཐུན་པའི་དཔེ་དག་དང་། །མཚོན་པའི་ཚིག་གིས་གདུལ་བྱ་ཡི། །བསམ་པ་དང་སྦྱར་སྟོན་པས་གསུངས། །ཤེས་པ་དེའི་འགྲེལ་གྱི་སྐབས་ནས་མདོ་ནས་དོན་དམ་པའི་དཔེ་ནམ་མཁའ་ལ་བཞག་པ་དང་། རྣམ་གྲངས་དོན་དམ་པའི་བདེན་པ་དང་། དེ་མ་ཡིན་པ་གཉིས་སུ་འདོད་པ་དང་སྐྱེ་བ་མེད་པ་དང་། རང་བཞིན་མེད་པ་ལ་སོགས་བཤད་པས་སོ། །ཞེ་ན། དེ་ནི་གདུལ་བྱ་དྲངས་པའི་དོན་ཡིན་ཏེ། འཛུབ་མོའི་རྩེ་མོ་ལ་ཟླ་བ་མེད་ཀྱང་། བྱིས་པ་ལ་མཚོན་ནས་བསྟན་པ་དང་འདྲའོ། །ཞེས་དང་། ཡང་དེའི་འོག་ཏུ། སངས་རྒྱས་ཀྱིས་སེམས་ཅན་དྲང་དོན་དུ་དོན་དམ་སྐད་སྟོན་པ་ཡིན་ཏེ། དོན་དུ་ཀུན་རྫོབ་བོ། །ཁྱོད་ཀྱི་ཇོ་བོ་གང་ཡིན་པ་དེ་ངའི་གཡོག་པོ་ཡིན་བྱ་བ་ལྟ་བུའོ། །ཞེས་པའི་སྐབས་ཀྱི་རང་བཞིན་མེད་པ་དང་། རྣམ་གྲངས་ཀྱི་དོན་དམ་སོགས་ཀུན་རྫོབ་ཡིན་པ་བསྟན་པ་ཡིན་ནམ། འོག་ཏུ་ཁྱོད་ཀྱི་ཇོ་བོ་གང་ཡིན་པ་དེ་ངའི་གཡོག་པ་ཡིན་བྱ་བ་ལྟ་བུའོ། །ཞེས་པའི་ཁྱོད་ཞེས་པ་དེ་རོལ་པ་སྐྱེ་མཆེད་དམ་རང་རྒྱུད་པ་ལ་གོ་དགོས་པ་ཡིན་ནམ།
༢ དྲི་ལན། དོན་དམ་འདི་ཡིན་ཟེར་བ་དང་། འདི་ལྟ་བུའོ་ཟེར་བ་རྣམས་ནི་རྣམ་གྲངས་པའི་དོན་དམ་ཡིན་པ་ལས། ཟབ་མོའི་དོན་དམ་མམ་རྣམ་གྲངས་མ་ཡིན་པའི་དོན་དམ་ཡིན་ན་འདི་ཞེས་སུ་བཟུང་དུ་མེད་པའི་དོན་རེད། འོན་ཀྱང་བཀའ་དང་བཀའ་རྟེན་དག་ལས་དོན་དམ་འདི་ལྟ་བུའོ་ཞེས་དཔེས་མཚོན་པ་དང་། འདི་དང་འདི་དག་དོན་དམ་ཡིན་ཞེས་གསུངས་ཏེ་ངོས་བཟུང་མཛད་པ་རྣམས་ནི་སེམས་ཅན་དྲངས་པའི་དོན་དུ་དེ་ལྟར་སྐད་དུ་བརྗོད་པ་སྟེ། དེ་ནི་མཛུབ་རྩེས་ཟླ་བ་སྟོན་པ་ལྟར་ཡིན། དོན་དུ་ངོས་བཟུང་བ་ཀུན་བློས་བཟུང་བར་བྱ་བ་ཡིན་ཞིང་། བློས་བཟུང་བ་ཡོ་ཀ་ཀུན་རྫོབ་ལས་དོན་དམ་མ་ཡིན་པར་བསྟན། འོ་ན་རྣམ་གྲངས་པའི་དོན་དམ་ཡང་བློས་བཟུང་བྱ་མ་ཡིན་ནམ་ཞེ་ན། བཟུང་བྱ་ཡིན་པས་སྐབས་འདིར་ཀུན་རྫོབ་ཏུ་བཞེད་པ་ནི་སྤྲོས་མཐའ་ཡོངས་སུ་འཇིགས་པའི་ལུགས་ལ་འཐད་སྙམ། སྤྱིར་དབུ་མ་བདེན་གཉིས་ཀྱི་གཞུང་འདི་ཉིད་གཞུང་བབ་སོར་བཞག་གི་སྒོ་ནས་བལྟས་ན་དབུ་མའི་དངོས་བསྟན་སྟོང་ཉིད་ཀྱི་སྐོར་གསལ་ཞིང་ཟབ་པར་གཏན་ལ་ཕབ་པ་ཞིག་ལས། གྲུབ་མཐར་སྦྱར་ནས་འདིའི་ལུགས་ཞེས་བསྟན་པས་མེད་སྟབས་ཕྲན་གྱིས་མཚན་མ་ཀུན་བྲལ་གྱི་ལུགས་ཡིན་པར་སྨྲ་བར་མི་སྤོབས་ལ་སྨྲ་ཡང་མི་དགོས་སྙམ། དེ་བས་ན་ཁྱོད་ཀྱི་ཇོ་བོ་གང་ཡིན་པ་ནི་ངའི་གཡོག་པོ་ཡིན་བྱ་བ་ལྟ་བུའོ། ཞེས་པའི་ཁྱོད་དེ་རང་རྒྱུད་དམ་རོལ་པ་སྐྱེ་མཆེད་གོ་བ་མི་ལེན། དེ་ནི་རྣམ་གྲངས་པའི་དོན་དམ་སྨྲ་བ་རྣམས་ལ་གོ་བ་བླངས་ན་འགྲིག་པ་ཡིན།
དྲི་བ་གསུམ་པ། དབུ་མ་རང་འགྲེལ་ལས། ཀུན་རྫོབ་ཀྱི་མཚན་ཉིད་བསྟན་པའི་སྐབས་ཀྱི། ཡང་དག་པའམ་གྲུབ་པ་མ་ཡིན་པ་རྫུན་པའམ་འཁྲུལ་པའི་དོན་སྣང་བ་ཞེས་པའི་སྐབས་ཀྱི་འམ་ཞེས་པ་དེ་གདམས་ག་ཡིན་ནམ་ཡང་ན་གོ་བ་གཞན་ཡོད།
༣ དྲི་ལན། དེ་ནི་གདམས་ང་ལ་འཇུག་པའི་རྣམ་པར་བརྟགས་པ་ཅན་གྱི་སྒྲ་ཡིན།
དྲི་བ་བཞི་པ། མེ་སྟོན་དབུ་མ་ལས། རིགས་པས་སྒྲུབ་པ་བསྟན་པའི་སྐབས་ཀྱི་འབྲས་བུ་ཡོད་པ་སྐྱེ་མི་རིགས་ཤེས་པའི་སྐབས་ཀྱི་ཡོད་སྐྱེ་དེ་འགྲོ་མགོན་གྱི་གལ་མདོ་ནང་གསལ་བའི་ཡོད་སྐྱེ་དང་གཅིག་མཚུངས་ཡིན་ནམ་ཡང་ན་འགྲེལ་བ་གཞན་ཡོད།
༤ དྲི་ལན། འགྲོ་མགོན་གལ་མདོ་དེ་ཉེ་ཆར་ལྟ་བའི་གོ་སྐབས་རགས་མ་སོང་། ཡིན་ནའང་གཅིག་མཚུངས་ཡིན་པ་ལས་ཚུལ་གཞན་མེད་ཚོད་ཡིན།
དྲི་བ་ལྔ་པ། མེ་སྟོན་དབུ་མ་ལས། གལ་ཏེ་རྒྱུ་འབྲས་གཅིག་ཉིད་ལ། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར། །ཐ་དད་རྒྱུ་དང་རྒྱུ་མིན་མཚུངས། །ཕན་ཚུན་ལྟོས་པ་མེད་པའི་ཕྱིར། །འབྲས་བུ་རྒྱུ་ལ་མི་ལྟོས་འགྱུར། །ཀ་བ་དང་ནི་བུམ་པ་བཞིན། །ཞེས་པའི་དེའི་འགྲེལ་བ་བསྟན་པའི་མཇུག་ཏུ། དེ་ལྟར་སྐྱེ་བ་འགོག་པ་རིགས་པའི་རྗེས་སུ་འབྲེང་བ་ཡིན་ཏེ། དེ་ཡང་བོན་ཅན་དང་གཏན་ཚིགས་སོགས་ཕལ་རོལ་པོའི་ཁས་བླངས་པ་ལ་བརྟེན་པ་སྟེ། ཁོ་བོ་ཅག་ལ་ནི་འདོད་པ་མེད་དོ། །ཞེས་པའི་དོན་གང་ཡིན་ནམ།
༥ དྲི་ལན། རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་གཏན་ལ་འབེབ་པའི་སྐབས་སུ་བོན་ཅན་དང་གཏན་ཚིགས་གནས་སྐབས་རྒོལ་བའི་ངོ་ལ་བཏགས་པའི་སྒོ་ནས་བཟུང་བ་ཙམ་ལས་མེད་པ་ནི། ཟབ་མོ་དབུ་མའི་དགོངས་པ་ངོ་མ་དེ་ཡིན་སྙམ།
དྲི་བ་དྲུག་པ། དབུ་མ་རང་འགྲེལ་ལས། དངོས་ཅན་དངོས་མེད་མཉམ་པར་སྟོན་སྐབས། གཟུགས་སྒྲ་ལ་སོགས་ཡོད་པར་འཛིན་པའི་དངོས་པོ་དང་། ནམ་མཁའི་མེ་ཏོག་མོ་གཤམ་གྱི་བུ་སོགས་མི་སྲིད་པ་འཛིན་པ་རྣམས་དང་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གཉིས་ཀ་མ་སྐྱེས་ཤིང་རང་གི་ངོ་བོ་གྲུབ་པ་ཅིར་ཡང་མེད་པའི་ཕྱིར་རོ། །ཞེས་དང་མཇུག་ཏུ་དངོས་ཀྱི་གཡག་རྭ་དང་རྨི་ལམ་གྱི་གཡག་རྭ་གཉིས་ལ་ཁྱད་མེད་རྨི་ལམ་གྱི་གཡག་རྭ་དང་རི་བོང་གི་རྭ་ལ་ཁྱད་མེད་དེ་མཉམ་པས་རིགས་པ་བསྟན་པའོ། །ཞེས་པའི་མཉམ་ཚུལ་དེ་གཉིས་ཀ་སྐྱེ་བ་མེད་པའི་དོན་ཡིན་ནམ་ཡང་ན་དོན་གཞན་ཡོད་རེད་ལགས།
༦ དྲི་ལན། གཉིས་ཀ་སྒྱུ་མ་ལྟ་བུ་ཡིན་པ་འདྲ་བའི་དོན་རེད་ལ། གཉིས་ཀ་སྣང་ཙམ་ལས་མེད་པ་འདྲ་བའི་དོན་ཡང་རེད། དབུ་མའི་ལུགས་ལ་དེ་དག་ཡོད་མཉམ་མེད་མཉམ་དུ་བཞེད་པ་རེད།
དྲི་བ་བདུན་པ། དེ་ཉིད་ལས། བསྒྲུབ་བྱ་མཚུངས་པར་བསྟན་པའི་སྐབས་སུ། བྱིས་པ་སེམས་རྨོངས་སྨྲིག་རྒྱུ་དང་། །མི་གཙང་གཙང་སོགས་སྣང་གྲགས་མཚུངས། །ཞེས་པའི་འགྲེལ་བ་བསྟན་སྐབས། མེད་པ་ལ་ཡོད་པར་འཛིན་པ་སྨྲིག་རྒྱུའམ་མིག་ཡོར་དང་འདྲ་སྟེ། མངོན་སུམ་རྫུན་པའོ། །ཞེས་པའི་སྐབས་ཀྱི་མངོན་སུམ་རྫུན་ཚུལ་གང་ཡིན་ནམ།
༧ དྲི་ལན། འདི་ལ་གོང་གི་ལན་དེས་མ་འཐུས་པ་མེད་སྙམ། མངོན་སུམ་པ་ཉིད་དུ་སྣང་བའི་བོན་ཀ་བ་སོགས་རྫུན་པའམ་འཁྲུལ་སྣང་ཙམ་ལས་མེད་པའི་དོན་རེད།
དྲི་བ་བརྒྱད་པ། དབུ་མ་ལས། སྣང་བའི་དངོས་པོ་མ་རྙེད་པས། །སྟོད་ཉིད་རྙེད་པ་ག་ལ་འགྱུར། །ཞེས་པ་དེའི་འགྲེལ་པའི་སྐབས་ཀྱི་བདེན་པ་གཉིས་ཀ་ཡོད་མ་མྱོང་ཞེས་པའི་དོན་གང་ཡིན་ནམ།
༨ དྲི་ལན། དེ་ཐུགས་དག་པའི་སྐད་ཆ་རེད། སྟོང་ཉིད་ཅེས་པ་ངོས་བཟུང་དུ་མེད་པ་དང་། བློས་བཟུང་དུ་མེད་པ་བསྟན་པ་རེད། དེས་ན་འདི་ཞེས་རྙེད་དུ་ག་ལ་ཡོད། དེ་བས་ན་བདེན་པ་གཉིས་ཀ་ཡོད་མ་མྱོང་ཞེས་པ་དེ་ཆད་ལྟ་འགོག་པའི་སྐད་ཆ་དྲག་པ་ཞིག་ཏུ་འདོད་ཆོག །ཡེ་ནས་ཡོད་པ་ད་གདོད་མེད་པར་སྨྲས་ན་ཆད་ལྟ་ལ་འགྱུར་བའི་སྐྱོན་ཡོད་ཅིང་། འདི་ལྟ་བུ་ཡེ་ནས་ཡོད་མ་མྱོང་བ་གང་ཉིད་དེ་ལྟར་འཇོག་ཤེས་ན་མཉམ་བཞག་ཟབ་མོའི་བདེན་པ་ལ་དགག་སྒྲུབ་གཉིས་ཀ་མེད་དེ། བོན་ཉིད་ངོ་ཤེས་པར་བྱེད་པ་ཙམ་མོ། ཞེས་པ་ཅི་ལྟ་བ་བཞིན་རེད།
དྲི་བ་དགུ་པ། དབུ་མ་རང་འགྲེལ་ལས། སྣང་བ་སྒྱུ་མ་ལྟར་སྣང་བ་སྟོན་སྐབས། མ་གཉེན་བུའི་སྣང་བ་ཡུལ་ཞིང་རྫས་ཀྱི་སྣང་བ་ཚོགས་དྲུག་ཡུལ་དང་བཅས་པ་མི་ནོར་གཏམ་གསུམ་ལ་སོགས་འཁོར་འདས་ཀྱི་བོན་ཐམས་ཅད་མེད་བཞིན་དུ་སྣང་ལ། སྣང་བཞིན་དུ་མི་བདེན་པ་སྒྱུ་མའི་དཔེ་བརྒྱད་ལྟར་དུ་རྟོགས་པར་བྱ་སྟེ་བདེན་པས་སྟོང་བའི་སྣང་བ་ཙམ་མོ། །ཞེས་པའི་ཚིག་ནས་གྲུབ་པ་བཞིན་དུ་ཁས་ལེན་རིགས་སམ་ཡང་ན་གཞན་དག་འགྲེལ་དགོས་རེད་དམ།
༩ དྲི་ལན། ཚིག་གྲུབ་ཅི་ལྟ་བ་བཞིན་དུ་ཁས་ལེན་ཆོག
ཞེས་དྲི་བ་ཁག་དགུ་འདི་ཁྱུང་པོ་སྟེང་ཆེན་དགོན་གྱི་དགེ་བའི་གཤེས་གཉེན་ཆེན་མོ་རིག་པའི་མེ་ལྕེ་རབ་ཏུ་འབར་བའི་གཡམ་ཐ་དྲང་སྲོང་ངམ་འཕྲུལ་གྱི་ཡིག་ཚང་མཆོག་ལ་༧མེ་སྟོན་གྲུབ་ཆེན་གོང་འོག་གི་གདན་ས་སྟེ་མཐོང་གྲོལ་རི་ཁྲོད་དགོན་གྱི་སློབ་གཉེར་ནང་གི་ཐ་ཤལ་བ་དགག་སྒྲུབ་པས་གཟའ་སྐར་དུས་བཟང་དེར་དྲིས་པ་དགེའོ། །
ཞེས་པའི་དྲིས་ཚན་དགུ་པོ་ལ་ལན་དུ་སྨྲ་བ་པོ་ཕྲན་དགེ་མིང་པ་དྲང་སྲོང་རྒྱལ་མཚན་གྱིས་རིགས་པ་སྨྲ་བ་དགག་སྒྲུབ་པ་མཆོག་ལ་ཕུལ་བ་སྟེ། གྲོང་ཆོག་ལ་བྲེལ་ཟིང་གིས་སྐྱོད་པའི་བར་གསེང་ནས་དམིགས་བསལ་གྱི་དཔེ་ལྟ་དང་དམིགས་གྱིས་དཔྱད་ལོང་གང་ཡང་མ་བྱུང་པར་དེ་སྔོན་ལྟ་རྟོགས་ཕྲན་ཙམ་མྱོང་བའི་གོ་ལམ་གྱི་ཐོག་ནས་བྲིས་པ་ཡིན་སྟབས་ནོར་འཁྲུལ་ཡོད་ཅོག་མཁྱེན་ལྡན་མེ་ཡི་རྒྱུད་འཛིན་དང་བཅས་པའི་དྲུང་དུ་སྟོབས་བཞིས་བཅུགས་བསལ་ཞུ་བ་དང་སྦྲགས་དགེ་མཆིས་ཀྱིས་རང་གཞན་བོན་ལ་སྤྱོད་པ་རྣམས་སྣང་ལ་རང་བཞིན་མེད་པའི་དོན་རྟོགས་པའི་རྒྱུ་རུ་ཤོག་ཅིག །
(མ་རྩོམ་ཡོང་ཁུངས། @དགགསྒྲུབཔGaZhiBa 嘎智巴 )