བོན་བསྟན་རྒྱ་ནག་ཡུལ་དུ་དར་ནས་ལོ་ག་ཚོད་ཟིན་ཡོད་དམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཟྭ་བྷོ་ལོ།
དྲི་བ། ༡) བོན་བསྟན་རྒྱ་ནག་ 汉地 ཡུལ་དུ་དར་ནས་ལོ་ག་ཚོད་རེད་ཡོད་དམ། ༢) རྒྱ་ནག་རྒྱལ་རབས་གང་གི་སྐབས་སུ་དར། ༣) ཧ་ཤང་མ་ཧ་ཡ་ནའི་བསམ་གཏན་སྒོམ་སྟེ། (ཅིག་ཅར་འཇུག་པ་ཐེག་པ་ཆེན་པོའི་རིགས་པ་ཡང་དག་པར་ངེས་པ་) 頓悟大乘正理決 ཞེས་པར་བོན་བསྟན་དང་འབྲེལ་ཚུལ་བཤད་དུ་ཡོད་དམ།
ལན། སྤྱིར་བཏང་རྒྱ་ནག་ཡུལ་དུ་བོན་བསྟན་ག་དུས་དར་མིན་སྐོར་གླེང་སྐབས་དེ་འབྲེལ་ཡོད་ཀོང་ཙེ་འཕྲུལ་རྒྱལ་མི་གླེང་ཐུ་མེད་རེད། བོན་གྱི་ལོ་རྒྱུས་ལྟར་ན་ཁོང་ནི་འོལ་མོ་ལུང་རིང་གི་ཤར་ཕྱོགས་ག་ཆུ་རྒྱ་ཡི་ཡུལ་རྒྱ་ལག་འོད་མའི་གླིང༌། གྲོང་ཁྱེར་འཕྲུལ་སྒྱུར་བཀོད་པར་ཡབ་རྒྱལ་པོ་ཀ་འདའ་ལ་གསེར་གྱི་མདོག་ཅན་དང་མ་བཙུན་མོ་མུ་ཁྲི་ལ་གསལ་འོད་མ་གཉིས་ཀྱི་སྲས་སུ་འཁྲུངས། དེ་ནས་འབྱུང་ལྡན་ཞེ་གསུམ་པའི་ཤིང་བྱི་སྟེ་སྤྱི་ལོའི་སྔོན་ ༡༣༤༩༦ ལོར་གཤེན་རབ་ཉིད་ཀོང་ཙེའི་འགྲོ་དོན་དུ་ཕེབས་ནས་གསས་ཁང་དཀར་ནག་བཀྲ་གསལ་བཞེངས། ཡིན་ནའང་དེའི་གོང་སྟེ་ཀོང་ཙེའི་ཡབ་རྒྱལ་པོ་ཀ་འདའ་ལ་གསེར་གྱི་མདོག་ཅན་སྐབས་ནས་གཡུང་དྲུང་གི་བོན་ལ་སྤྱོད་བཞིན་ཡོད་པར་མདོ་དང་ལོ་རྒྱུས་རྣམས་སུ་གསལ།
རྒྱ་ཀོང་ཙེ་འཕྲུལ་རྒྱལ་སྐོར་ཕྱིས་བྱུང་ཅུང་ཙམ་རྒྱས་པོར་ཞིབ་འཇུག་གནང་མཁན་ནི་མཁའ་འགྲོ་བདེ་ཆེན་དབང་མོའམ་རུང་བཀྭན་རེན་རེད། ཁོང་གིས་བརྩམས་པའི (གཡུང་དྲུང་བོན་གྱི་ལོ་རྒྱུས་ལས་ཀོང་ཙེ་འཕྲུལ་རྒྱལ་དང་དཀར་ནག་བཀྲ་གསལ་གྱི་ཐོག་མའི་གཞི་གང་ཡིན་ལ་རྩད་ཞིབ་ཞུས་པ།) ཞེས་པའི་རྩོམ་ཡིག་ནང་ཀོང་ཙེ་དང་རྒྱ་ཡི་དུས་རབས་ཁག་གི་ལོ་རྒྱུས་སོགས་ལ་དབྱེ་ཞིབ་གང་འཚམས་གནང་འདུག རྩོམ་ཡིག་དེའི་ནང་རྒྱ་ཡི་ལོ་རྒྱུས་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་བཀོད་ཡོད་པ་ནི། “ཏའོ་ཅའོ་ཆོས་ལུགས་དང་《文昌帝君阴骘文》(ཝུན་ཁྲང་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་) ནང་འཁོད་པ་ལྟར་ན། ཤིའི་ཀྲའུ་དུས་རབས་ (སྤྱི་ལོའི་སྔོན་གྱི་ ༡༠༤༦ ལོ་ནས་སྤྱི་ལོ་སྔོན་གྱི་ ༧༧༡ ལོ་བར་) སངས་རྒྱས་པའི་བསྟན་པ་དར་ཟིན་པར་བཤད་ཡོད་པ་ནི། ད་ལྟ་ཡོངས་གྲགས་སུ་རྒྱལ་བ་ཤཱཀྱ་མུ་ནི་ (སྤྱི་ལོའི་སྔོན་གྱི་ལོ་ ༥༦༥ ནས་སྤྱི་ལོ་སྔོན་གྱི་ ༤༨༦ ལོ་བར་) ཞལ་བཞུགས་པར་བཤད་པ་དང་མི་མཐུན་པ་ཞིག་ཡིན།“ ཞེས་གསུངས་ཡོད། དེས་ན་རྒྱ་ཡི་ལོ་རྒྱུས་ནང་དངོས་སུ་འཁོད་པའི་ཕྱི་ལོའི་སྔོན་གྱི་ལོ་ ༡༠༤༦ ཡས་མས་སུ་རྒྱ་ཡུལ་དུ་སངས་རྒྱས་ཀྱི་ཆོས་ལུགས་དར་རྒྱས་ཡོད་པ་དེ་དག་གང་ཞིག་ཡིན་མིན་དཔྱད་འཚོལ་དགོས་པ་ཤིན་ཏུ་གལ་ཆེན་མཐོང་། གང་ལྟར་ང་ཚོས་ཀོང་ཙེ་འཕྲུལ་རྒྱལ་སྐོར་ཞིབ་འཇུག་གང་མང་ཞིག་གནང་ཐུབ་ན་རྒྱ་ནག་ཏུ་བོན་བསྟན་ག་དུས་དབུ་བརྙེས་པ་ཤེས་ཐུབ་དྲན། གོང་གི་རྩོམ་ཡིག་ནང་བཀོད་པའི་རྒྱ་ཡི་དཔེ་རྙིང་འདི་དག་ 《山海经》 《吕氏春秋》 《文昌帝君阴骘文》 《尚书》 རྒྱ་ཡིག་མཁྱེན་མཁན་ཚོས་བཀླག་གནང་ན་གང་འཚམས་རྙེད་རྒྱུ་ཡོད་སྲིད།
དྲི་བ་གསུམ་པའི་ཐད། 《頓悟大乘正理決 》ཞེས་པའི་རྩོམ་ཡིག་ནང་རྒྱ་ཡུལ་དུ་བོན་བསྟན་དར་བའི་སྐོར་དེ་ཙམ་འབྲེལ་བ་ཡོད་བཟོ་མི་འདུག་སྟེ། དེ་ནི་ཕྱི་ལོའི་དུས་རབས་དགུ་པའི་འགོར་ཙམ་ནང་ཟིན་བྲིས་སུ་བཏབ་པ་ཞིག་ཡིན་པ་འདྲ།
ཀོང་ཙེ་འཕྲུལ་རྒྱལ་དང་འབྲེལ་བའི་སྐོར་རྩོམ་ཡིག་འགའ་གཤམ་ནས་གཟིགས།
ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་པ་དེ་ཡང་སྙིང་སུ་ཡིན་པའི་སྐོར་དཔྱད་པ།