བོན་དང་ཤ་མན་བར་གྱི་ཁྱད་པར་གང་།
རྩོམ་བྲིས་པ། མཁས་དབང་སྟོང་སྐོར་ཚེ་རིང་ཐར། དྲི་བ་གཏོང་མཁན། སྤྲུལ་རྒྱལ་ཁམས་པ། (མ་རྩོམ་ཡོངས་ཁུངས། ཧི་མ་ལ་ཡའི་བོན་གྱི་དྲ་བ།)
དྲི་བ། ཕྱི་ཡི་ཡུལ་གྲུ་ཁག་ཏུ་ཤ་མན་གྱི་ཆོས་ལུགས་(Shamanism 萨满教) ཞེས་རང་བྱུང་ཁམས་ལ་མཆོད་བསྟོད་དང་། མི་ལ་ན་ཚ་བྱུང་སྐབས་ཁྲུས་དང་བདུག་བསངས་བྱེད་པ་སོགས་གནའ་སྲོལ་ཞིག་འདུག ལ་ལས་བོན་ཆོས་དེའང་ཤ་མན་གྱི་ཆོས་ལུགས་ཡིན་ཚུལ་འཆད་ཀྱིན་འདུག་ལ། མ་ཚད་བོན་པོ་རང་གི་བླ་མ་འགས་ཀྱང་ཕྱི་མི་རྣམས་ལ་བོན་ཆོས་དེ་བོད་ཀྱི་ཤ་མན་གྱི་ཆོས་ལུགས་རེད་ཟེར་གྱིན་འདུག དེས་ན་ཤ་མན་གྱི་ཆོས་ལུགས་ནང་དུ་དམར་མཆོད་ཀྱི་རིགས་གང་མང་ཞིག་ཡོད་སྟབས་དོན་དངོས་སུ་བོན་ཆོས་ནང་དམར་མཆོད་ཀྱི་ཆོ་ག་ཡོད་བཟོ་འདུག་པས་དེའི་སྐོར་འགྲེལ་བཤད་ཅུང་ཞིག་གནང་རོགས།
ལན། ཐོག་མར་སྐུ་ཉིད་ངེད་ཚོའི་(བོན་གྱི་དྲིས་ལན་དྲ་མཛོད་)ནང་བཀའ་འདྲིའི་ཆ་ཤས་བླངས་གནང་བར་བཀའ་དྲིན་ཆེ་ཞུ། སྐུ་ཉིད་ཀྱི་བཀའ་འདྲིའི་སྐོར་མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་བརྩམས་པའི་(བོན་པོ་ཞིབ་འཇུག་སྐོར་གྱི་གནད་དོན་འགར་རགས་ཙམ་དཔྱད་པ)ཞེས་པ་ལས་དམིགས་བསལ་ཤ་མན་དང་བོན་གྱི་བར་དཔྱད་ཞིབ་གནང་བ་དེ་གཤམ་ལ་ཟུར་དུ་ཕྱུངས་ཡོད་པས་དེར་གཟིགས་རོགས་ཞུ།
བོན་དང་ཤ་མན།
” རྒྱལ་ཁབ་ཕྱི་ནང་གི་མཁས་པ་ལ་ལས་བོན་པོ་ནི་སོག་པོ་དང་མན་ཇུ་སོགས་མི་རིགས་ལ་དར་ཆེ་བའི་ས་མན་གྱི་ཆོས་ལུགས་དེ་རེད་ཟེར་བ་དང་བཞེད་པ་དེ་ལ་རྗེས་འབྲང་མཁན་ཡང་མི་ཉུང་བ་འདུག་ཀྱང་ཁོ་བོས་མད་པར་འདོད་མ་བྱུང་། སོག་པོ་དང་མན་ཇུ་སོགས་རང་རྒྱལ་བྱང་ཕྱོགས་ཀྱི་མི་རིགས་གྲངས་ཉུང་ཁག་ཏུ་ཡོངས་ཁྱབ་ཏུ་དར་མྱོང་བའི་ས་མན་ཆོས་ལུགས་དེ་ལ་ཁོ་བོས་ཤེས་རྟོགས་ཞིབ་མོ་ཡོད་པར་ཁ་ཕོ་གཏོང་མི་ནུས་མོད། དེ་དང་བོན་གྱི་འབྲེལ་བའི་སྐོར་ལ་མཉམ་བཞག་ནས་དཔེ་ཆ་འགའ་རེ་ཀློག་པས་ཆོས་ལུགས་དེ་གཉིས་བར་འདྲ་ས་འགའ་རེ་ཡོད་རུང་མི་འདྲ་ས་ནི་དེལས་མང་ཞིང་གལ་ཆེ་བ་གཤམ་གཤམ་ནས་དེ་གཉིས་ལ་ཞིབ་བསྡུར་རགས་ཙམ་བྱ།
(གནམ།)
གནམ་གྱི་དད་པ་ནི་བོན་པོ་དང་ས་མན་ཆོས་ལུགས་ཀྱི་ཐུན་མོང་གི་ནང་དོན་གལ་ཆེན་ཞིག་རེད། ད་ཡོད་ཀྱི་དཔྱད་གཞི་རྣམས་ལ་ཞིབ་འཇུག་བྱས་ན། གནམ་གྱི་དད་པ་ནི་དང་ཐོག་གནམ་གྱི་ཕྱི་གཟུགས་ཀྱི་དད་པ་ནས་འཕེལ་རྒྱས་བྱུང་བ་རེད་ཡ་ཐོག་གི་མི་རྣམས་ནས་འོལ་ཚོད་ཀྱིས་བལྟས་ན་གནམ་གྱི་ཕྱི་གཟུགས་དེ་ནི་ཤིན་ཏུ་ལྐོག་གྱུར་གྱི་གནམ་ཤིག་ཡིན་གཤིས། དེ་མི་རིགས་ཀྱི་འཚོ་གནས་དང་ཁ་ཐག་ཤིན་ཏུ་རིང་བས་ཐོགས་རེག་གི་ངེས་ཤེས་ལྟ་ཅི་གཟུགས་དབྱིབས་ཙམ་ཡང་ཡིད་ལ་ངེས་རྒྱུ་མེད་ལ། འགྲོ་བ་ཀུན་ལ་འོད་གསལ་དང་དྲོད་སྐྱིད་གནང་བའི་ཉི་མ་དང་ཟླ་བ་དེ་ཡི་ཕང་དུ་གནས་ཤིང་མིའི་རིགས་ལ་ཁེ་གྱོང་ཆེན་པོ་སྟེར་པའི་རླུང་འཚུབ་དང་དྲག་ཆར་དེ་ཡི་འོག་ཏུ་རྒྱུ། སྙིང་རྗེ་མེད་པའི་ཤ་འོད་དང་གློག་ཞགས་ནད་དང་ཡམས་སོགས་ཀྱིས་འགྲོ་བ་མི་ལ་བརྗོད་ཀྱིས་མི་ལང་བའི་ཆག་སྒོ་དང་སྡུག་བསྔལ་བསྐྱལ་མོད། དེ་དག་གང་གིས་ཀྱང་གནམ་གྱི་གཟི་བརྗིད་ལ་མཐོ་བརྩམས་མི་ཐུབ་པ་བྱུང་། ཕྱི་ཚུལ་གྱི་རྣམ་པ་འདི་དག་གིས་ཡ་ཐོག་གི་མི་རྣམས་ལ་འབྱུང་ཁམས་དང་སྲོག་ཆགས་སྐྱེ་དངོས་སོགས་ཀྱི་ཁྲོད་ནས་གནམ་ནི་ཆོས་བླ་ན་མེད་ཅིང་གཟི་བརྗིད་ལྡན་པ་ཞིག་རེད་ཅེས་པའི་བློ་བསྐྱེད་ཐོབ་པ་དང་ཆབས་ཅིག་ཏུ་དེ་ལ་དད་པ་སྐྱེས། ཡ་ཐོག་གི་གནམ་གྱི་དད་པ་དེའི་ངོ་བོ་ནི་དངོས་པོའི་དད་པར་གཏོགས་ཏེ་ཁོ་རང་ཚོའི་བསམ་བློའི་འདུ་ཤེས་ནང་དུ་གནམ་བྱ་བ་ནི་ཤིན་ཏུ་མཐོ་ཞིང་ཆེ་བའི་ཕྱི་རོལ་ཡུལ་གྱི་དངོས་པོ་ཆེན་པོ་ཞིག་ཡིན། དེའི་རྗེས་སུ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མིའི་རིགས་ཀྱི་སྔོན་ཐོན་དང་བསྟུན་ནས་མི་རྣམས་ཀྱི་ལྟ་བར་ཡང་འགྱུར་ལྡོག་བྱུང་སྟེ། ཕྱི་རོལ་ཡུལ་གྱི་དངོས་པོ་ཞིག་ཏུ་མཐོང་ནས་དད་པའི་གནམ་དེ་ཡུན་རིང་གི་ལོ་རྒྱུས་ནང་དུ་མི་གཤིས་ཅན་གྱི་བློས་བཞག་གི་ཡུལ་ཞིག་ཏུ་གྱུར་ཡོད། དེར་བཟང་བ་གཟེངས་སུ་བསྟོད་ཅིང་ངན་པ་ཆམ་དུ་ཕབ་པའི་གཤིས་ཀ་དང་ལྡན་པས་འགྲོ་བ་མི་ཡི་བདེ་སྡུག་གི་སྐྱབས་བཅོལ་སའང་དེ་རྒྱུ་གྱུར། དཔེར་ན། བོད་མི་སུ་མིན་ན་ཡང་སོ་ནམ་པར་ལོ་ལེགས་བྱུང་བ་དང་། འབྲོག་པའི་ཕྱུགས་འཕེལ་བ་སོགས་ཡིད་སེམས་དགའ་བའི་བྱ་བར་འཕྲལ་ན་ཀུན་གྱིས་གནམ་རྒན་མས་མིག་ཕྱེ་བར་གོ་བ་དང་། དེ་ལས་ལྡོག་པར་ཡིད་སེམས་སྐྱོ་བའི་བྱ་བར་ཐུག་ན་ཡང་གནམ་རྒན་མ་ཞེས་དེ་ལ་སྐྱབས་བཅོལ་བའི་ཚིག་བཅོས་མིན་དབང་མེད་དུ་འཆོར་ངེས། དེ་དུས་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་སུ་གནམ་བྱ་བ་ནི་མི་མཁྱེན་པ་མེད་པ། མི་ནུས་པ་མེད་པ། མི་གནས་ས་མེད་པ་ནམ་ཡང་འགྲོ་བ་ཀུན་གྱི་སྐྱབས་སུ་གྱུར་པའི་བསམ་བློའི་ཡུལ་ཞིག་ཡིན་ལས། མི་རྣམས་ཀྱི་སྤྱན་ལམ་དུ་མཐོང་རྒྱུ་ཡོད་པའི་སྔོ་ཞིང་དྭངས་པ། རྒྱུ་སྐར་བཀྲ་བ། སྤྲིན་ཕུང་འཁྲིགས་པ་སོགས་ཀྱི་གནམ་དེ་གཏན་ནས་མ་ཡིན་ནོ།།
དེ་དུས་མི་རྣམས་ཀྱི་འདུ་ཤེས་སུ་གནམ་བྱ་བའི་དོན་སྤྱི་དེ་དངོས་པོའི་གནམ་ནས་བསམ་བློའི་གནམ་དུ་འགྱུར་བའི་བརྒྱུད་རིམ་རྫོགས་སོང་། བོད་ཀྱི་ཡིག་ཚང་དུ་གཉའ་ཁྲི་བཙན་པོ་ཡང་ལུང་དུ་སླེབས་དུས་གནམ་ནས་བབས་པར་མཐོང་བ་དང་། གྲི་གུམ་གྱིས་རྨུ་ཐག་ལྟེ་གནམ་དུ་ཕྱིར་ལོག་པའི་བྲེག་པ་སོགས་ཀྱིས་ཀྱང་དེ་དུས་སུ་མི་རྣམས་ཀྱི་འདུ་ཤེས་སུ་གནམ་གྱི་དོན་སྤྱི་ཆགས་ཡོད་པར་མ་ཟད་དེ་སྐོར་གྱི་ཤེས་རྟོགས་དེ་དག་ལ་མི་ཕྱེད་པའི་དད་པའང་ཆགས་ཡོད་པ་མཚོན་ཡོད། དེ་མ་གཏོགས་ཁ་དོག་སྔོན་པོར་དགའ་བའང་གནམ་ལ་དད་པའི་རྐྱེན་གྱིས་རེད། དང་པོ་བོན་པོས་ཤམས་ཐབ་སྔོན་པོ་གྱོན་པ་དང་དཔེ་ཐུམ་སྔོན་པོ་བྱེད་པ། སོག་པོས་ཁོ་རང་ཚོ་ལ་སོག་པོ་སྔོན་པོ་ཟེར་བ་སོགས་ཀྱང་གནམ་གྱི་དད་པ་དང་འབྲེལ་བ་དམ་པོ་ཡོད་སྙམ། དེ་གནམ་གྱི་ཁ་དོག་ལ་བལྟས་པས་སོ། །གནམ་ལ་སོག་པོས་ཐུན་ཀི་རིས (tngri) ཟེར་བ་དེའི་དད་པ་དེ་བོད་སོག་མི་རིགས་ཀྱི་གནའ་རབས་རིག་གནས་ཁྲོད་ནས་གོ་གནས་གལ་ཆེན་ཟིན་འདུག ད་ཡོད་ཀྱི་ཡིག་ཆ་དག་ལ་ཞིབ་དཔྱོད་བྱས་ན། ཡ་ཐོག་གི་དངོས་པོའི་དད་པ་སྣ་ཚོགས་ནི་ཤིན་ཏུ་རྙོག་དྲ་ཞིང་མང་དྲགས་པ་ཞིག་ཡིན་མོད། དེའི་ནང་ནས་གནམ་གྱི་དད་པ་དེ་ལོ་རྒྱུས་རིང་མོའི་ཁྲོད་དུ་ཚོད་བགམ་ཐོག་ནས་ད་ལྟའི་བར་དུ་དར་འདུག་པ་ནི་དེ་ལ་དང་པོ་ནས་སྲ་ཞིང་བརྟན་པའི་རྨང་གཞི་ཆགས་ཡོད་པའི་རྟགས་རེད། ཡིན་ན་ཡང་དེ་ལ་གསལ་བཤད་ཅིག་བྱེད་དགོས་པ་ནི། བོན་པོ་གནམ་ལ་དགའ་བྱ་བའི་བོན་པོ་དེ་བོད་མི་རིགས་སྤྱི་ལ་གོ་དགོས་པ་ལས་ད་ལྟའི་བན་བོན་གཉིས་སུ་གྱེས་འདུག་པའི་བོན་པོ་ཙམ་གཏན་ནས་མི་ཡིན། དེ་དང་ཐོག་མི་རིགས་འདི་སྤྱི་ཡིས་བོན་ལ་དད་པས་བོད་ཐམས་ཅད་བོན་པོ་ཡིན་ཞིང་གནམ་གྱི་དད་པ་དེ་གདོད་མའི་བོན་གྱི་ཁོངས་སུ་གཏོགས་པས་སོ།།
གཞན་ཡང་གྲངས་ཀ་ལ་ལ་ཡང་གནམ་གྱི་དད་པ་དང་འབྲེལ་བ་སྙམ་སྟེ། གནམ་ལ་རིམ་པ་དགུ་ཡོད་པའི་ལྟ་ཚུལ་གྱིས་ས་མན་ཆོས་ལུགས་སུ་ཧིར་མོ་སྲི་ཐད་ཀྱི་འཁོར་དུ་ལྷ་དགུ་དང་། སོག་པོའི་སེ་ཆེན་རྒྱལ་བོ་ལ་དམག་དཔོན་དགུ། ཐ་ན་ཁོང་གི་དར་ཆའི་ཁ་ཚར་ཡང་ལྕེ་དགུ་བྱེད་དགོས་པའི་སྲོལ་ཡོད། དེ་མཚུངས་སུ་བོན་ལ་ཡང་གཡུང་དྲུང་དགུ་བརྩེགས་དང་ཐེག་པ་རིམ་དགུ་སོགས་དགུ་གྲངས་ཅན་མང་པོ་ཡོད།
(མེ་དང་འོད།)
མེ་ལ་དད་པའི་སྲོལ་ནི་ས་མན་ཆོས་ལུགས་སུ་མང་པོ་ཡོད་པ་མཁྱེན་གསལ་ལྟར་རེད། བོད་ལའང་དེ་མཚུངས་ཀྱི་ཡུལ་སྲོལ་འདུག བོད་སོག་མི་རིགས་ཀྱིས་མེ་ལ་དྲི་བཙོག་རྣམས་གཙང་དག་དང་འདྲེ་བགེགས་ཕྱིར་སྐྲོད་བྱེད་པའི་ནུས་མཐུ་ཡོད་པར་ཡིད་ཆེས་ཡོད། དེ་བས་བྱིས་པ་བསམ་མེད་རྣམས་ཀྱིས་ཐབ་མེ་རུ་མཆིལ་མ་དང་སྒོག་ཤུན། བཙོང་ཤུན་སོགས་འཕང་ན་རྒན་གྲས་རྣམས་ཀྱིས་སྡིགས་མཛུབ་དྲག་པོ་བྱེད་ངེས་པ་དང་། མཚན་མོ་མགྲོན་པོ་སླེབས་པ་དང་ལྷག་པར་ཁྱིམ་དུ་ནད་པ་དང་སྦྲུམ་མ་ཡོད་དུས་ངེས་པར་དུ་སྒོ་ལམ་ནས་མེ་བཏགས་ཏེ་ཕྱི་ནས་སླེབས་མི་དེ་མེ་ལ་བརྒལ་རྗེས་ད་གཟོད་ཁྱིམ་དུ་ཡོང་ཆོག ཕྱི་ནས་སླེབས་མི་དེ་ཁྲོམ་སྲང་དང་དུར་ཁྲོད་སོགས་བརྒྱུད་ནས་སླེབས་པ་ཡིན་ན་ལྷག་པར་མེ་འགོག་དྲག་པོ་བྱེད་ངེས། གོང་སྨྲས་ཀྱི་མེ་དད་ཡུལ་སྲོལ་འདི་དག་བོད་སོག་གཉིས་འདྲ་མཚུངས་ཡིན་ལ། མི་འདྲ་ས་ནི་སོག་པོ་མི་རིགས་ཀྱི་མེ་མཆོད་ཀྱི་ཡུལ་སྲོལ་ནི་བོད་ལས་ཤིན་ཏུ་ཐལ་དྲག་པར་སྣང་སྟེ། ཁོ་ཚོས་གཉེན་སྒྲིག་དུས་མག་པ་དང་བག་མས་ཐོག་མར་མེར་ཕྱག་འཚལ་བ་དང་། བར་དུ་མེ་ཡི་མཆོད་བསྟོད་འདོན་པ། མཐར་གཉེན་སྟོན་གྱི་ཆོ་ག་སྒྲིག་ཆོག(8)། ཉིན་རེར་ཟ་མ་ཟ་དུས་ཐོག་མར་མེར་མཆོད་པ། ལོ་རེར་མེ་མཆོད་ཀྱི་ཆོ་ག་ཆེན་པོ་ཞིག་རེ་བཅས་ཀྱི་ཡུལ་སྲོལ་འདུག་ལ། བོད་མི་རིགས་ལ་ཡུལ་སྲོལ་འདི་དག་བརྗོད་ཀྱི་མེད།
ས་མན་ཆོས་ལུགས་སུ་མེ་མཆོད་ནི་ཁོ་ཚོར་གནའ་བོའི་འཚོ་བའི་ཁྲོད་ཀྱི་དོན་བྱ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། བོད་ནས་དེ་ཡུལ་སྲོལ་ཙམ་ཞིག་ཏུ་སྣང་། བོད་སོག་མ་གཏོགས་མི་རིགས་གཞན་དག་གི་གནའ་རབས་རིག་གནས་ཁྲོད་དུ་ཡང་མེ་མཆོད་ཡོད་མྱོང་། དེའི་རྒྱུ་མཚན་ནི། མེ་ནི་ཡུལ་དང་རུས་དང་ཁོར་ཡུག་གི་ཆ་རྐྱེན་སོགས་མི་འདྲ་བའི་ཡ་ཐོག་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་མི་རུང་བའི་ཐུན་མོང་གི་མཁོ་ཆས་རེད། དེ་ལ་མཆོད་ཅིང་རྩིས་ཆེན་དུ་མཐོང་བས་ཡ་ཐོག་མི་རྣམས་ཀྱི་རང་བྱུང་ཁམས་སུ་བདེ་ལེགས་སུ་འཚོ་ཞིང་དེ་བཅོས་བསྒྱུར་བྱེད་འདོད་པའི་ཕུགས་འདུན་མཚོན་ཡོད། དེ་བས་མེ་མཆོད་ནི་བོད་དང་སོག་པོ། མན་ཇུ་སོགས་མི་རིགས་མང་པོ་ཞིག་གི་གདོད་མའི་ཆོས་ལུགས་སུ་ཚད་འདྲ་མིན་དུ་གནས་པའི་ཡ་ཐོག་རིག་གནས་ཤིག་རེད། གཞན་ཡང་བོད་སོག་མི་རིགས་རྣམས་འོད་ལའང་དགའ་བ་ནི་ཤིན་ཏུ་མངོན་གསལ་རེད། སོག་པོའི་<<དེབ་སྔོན>>(9)སོགས་སུ་སོག་པོའི་མེས་པོར་མཐོང་བའི་སྤེ་སྟོན་ཚར་ནི། ཁོའི་ཡུམ་འོད་སྣང་ལ་ཆགས་ནས་སྦྲུམ་པར་བཤད་པ་དང་། བོད་ཀྱིས་མིའི་འགྲོ་བ་ནི་ཐོག་མར་འོད་གསལ་ལྷ་ལས་ཆད་པར་འདོད་པ་སོགས་སོ།།
(ལ་བཙས།)
ལ་བཙས་སྟོད་པ་ནི་བོད་སོག་མི་རིགས་ཀྱི་ཡོངས་ཁྱབ་ཏུ་དར་ཡོད་པའི་གནའ་རབས་ཀྱི་དད་པའི་ཆོ་ག་ཞིག་ཡིན་པ་ལས། བོད་དང་བོན་པོར་ཁྱད་དུ་ཡོད་པའི་རིག་གནས་ཤིག་གཏན་ནས་མ་རེད། ཡིན་ན་ཡང་ལོ་འདི་འགའི་རིང་ལ་མི་མང་པོ་ཞིག་གིས་བོན་པོའི་རིག་གནས་སུ་མཐོང་ནས་གླེང་གནང་ཡོད་པས་ཁོ་བོས་ཀྱང་འདི་ནས་འཆད་པར་བྱ།
ལ་བཙས་ནི་མཁས་པ་ལ་ལས་ཞང་སྐད་ཡིན་ཞིང་ལམ་རྟགས་ཀྱི་དོན་ཡིན་གསུངས། དེ་ལ་བཞེད་པ་མི་མཐུན་པ་གཉིས་ཡོད་དེ། གཅིག་ནི། དང་པོ་ས་སྟོང་དང་ལུང་སྟོང་དུ་ཕྱུགས་འཚོ་བར་ཕྱིན་ན་ལམ་ནོར་བར་དོགས་ནས་རིའི་རྩེ་མོ་དང་ས་མཚམས་སུ་རྡོ་བརྩིགས་བརྒྱབ་པ་རེད་ཟེར། གཞན་ཞིག་ནི། དང་པོ་བོད་མིའི་འཚོ་བ་ཁག་གི་བར་ནས་འཕྲོག་བཅོམ་དང་དམག་འཁྲུག་བྱུང་ན་ཡུལ་ཁམས་ཆ་མེད་མང་པོ་བརྒྱུད་དགོས་པས། རི་མཐོ་ས་དང་ས་མཚམས་ནས་མདའ་དང་མདུང་སོགས་བཙུགས་ནས་ལམ་རྟགས་བཟོས་པ་རེད་ཟེར། གང་ལྟར་ཀྱང་མདའ་མདུང་བཙུགས་པར་གཞིགས་ན་དམག་འཁྲུག་དང་འབྲེལ་བ་ཡོད་སྙམ་པ་དང་། ལ་བཙས་ལ་ལ་ཡུལ་ལྷ་གཞི་བདག་གི་གནས་སར་མཐོང་བར་གཞིགས་ནས་དང་པོའི་ཞིང་ཕྱུགས་ཀྱི་འཚོ་བར་ཡང་འབྲེལ་བ་དམ་པོ་ཡོད་སྙམ། སོག་པོའི་སྐད་དུ་ལ་བཙས་ལ་ཨོ་པོ(obo)ཟེར། དེ་མཆོད་སྲོལ་དང་བསྟོད་སྲོལ་ནི་བོད་དང་འདྲ་མཚུངས་རེད།
ས་མན་ཆོས་ལུགས་ལ་དད་པའི་མི་རིགས་གྲངས་ཉུང་ཁ་ཤས་དང་བོད་རིགས་རྣམས་ལ་འཚོ་བའི་ཆ་རྐྱེན་དང་ཁོར་ཡུག་གི་གནས་ཚུལ་འདྲ་མཚུངས་ཡོད་པས་ཁོ་ཚོའི་རིག་གནས་ནང་ནས་ཡང་གོང་སྨྲས་ཀྱི་འདྲ་ས་རེ་འགའ་ཡོད་པ་དེ་ལུགས་དང་མཐུན་པ་ཞིག་རེད། དེ་མཚུངས་སུ་མི་རིགས་དེ་ཚོའི་ཁོར་ཡུག་དང་ཆ་རྐྱེན་མི་མཚུངས་པ་དག་གིས་རྐྱེན་པས་ཁོ་རང་ཚོའི་རིག་གནས་ལ་མི་མཚུངས་པའི་ནང་དོན་དང་ཁྱད་ཆོས་ལྡན་པ་ནི་གོང་སྨྲས་ལས་ཀྱང་མང་ཞིང་གལ་ཆེ་བ་རེད། གཤམ་ནས་ཆོས་ལུགས་འདི་གཉིས་ཀྱི་ཁྱད་པར་སྐོར་གྲོས་སུ་ཕུལ་བར་བྱ།
དང་པོ། དངོས་པོ་དད་པ་སྟེ་ཐོ་ཐེམ(10)གྱི་མཆོད་བཀུར་ནི་གདོད་མའི་ཆོས་ལུགས་རྣམས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཏུ་མཐོང་། ས་མན་ཆོས་ལུགས་ནི་གདོད་མའི་ཆོས་ལུགས་ཤིག་ཡིན་པའི་ཆ་ནས་དེ་ལ་ཐོ་ཐེམ་གྱི་མཆོད་བཀུར་མང་པོ་འདུག་སྟེ། དུར་གྱིས་དང་སོག་པོས་སྤྱང་ཀི་དང་ཤ་བོ་མཆོད་པ་དང་། ཨུ་ལུང་ཁྲོང་དང་། ཨུ་བུན་ཁི་ཡིས་དོམ་མཆོད་པ་ལྟ་བུའོ། །འོན་ཀྱང་དེ་མཚུངས་ཀྱི་རིག་གནས་བོན་ལ་མཐོང་རྒྱུ་མ་བྱུང་། ད་ལྟའི་བོད་རིག་པའི་མཁས་རློམ་འགའ་ཡིས་གཡག་དང་སྤྲེའུ་སོགས་བོད་ཀྱི་ཐོ་ཐེམ་ཡིན་ཞིང་བོད་ཀྱིས་དེ་དག་མཆོད་བཀུར་བྱས་མྱོང་ཞེས་པ་བྱུང་མྱོང་མོད། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ལས་དེ་དག་ལ་སྒྲུབ་བྱེད་རེ་མཐོང་རྒྱུ་མ་བྱུང་།
གཉིས་པ། སྟོན་པ་དང་གཞུང་ལུགས་བསྟན་བཅོས་བཅས་ནི་གཙོ་ལྷའི་ཆོས་ལུགས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་རེད། བོན་པོ་ལ་ཁྱད་ཆོས་དེ་གསུམ་ཡོངས་སུ་ཚང་ཡོད་དེ། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་དང་། གཞུང་ལུགས་ཀྱི་ཆ་ནས་སྔར་སྨྲས་ཀྱི་ཐེག་པ་རིམ་དགུ་དང་ཆབས་ཅིག་ཏུ་ལོ་རྒྱུས་དང་སྨན་དཔྱད་རྩིས་སོགས་བཞག་ཆོག་ལ། བསྟན་བཅོས་ནི་པོ་ཏི་བརྒྱ་ཕྲག་བརྒལ་བའི་བཀའ་བརྟེན་འགྱུར་མ་གཏོགས་ད་རུང་རྗེས་མའི་གསུང་མང་པོ་ཡོད། ཐུབ་པའི་བསྟན་པ་མ་གཏོགས་འཛམ་གླིང་སྟེང་གི་ཆོས་ལུགས་གང་ལའང་དེ་མཚུངས་ཀྱི་བསྟན་བཅོས་མང་པོ་གཏན་ནས་མེད་ལ། དེ་ལྷ་མང་མཆོད་བཀུར་བྱེད་པའི་ས་མན་ཆོས་ལུགས་དང་ཡེ་ནས་མི་འདྲའོ།།
གསུམ། ཆོས་ལུགས་རྩ་འཛུགས་དང་། བྱ་འགུལ་དང་། ཆོ་ག་སོགས་བོན་གྱི་བསྟན་འབྱུང་ལྟར་ན། བོན་པོ་ལ་བཙན་པོའི་རྒྱལ་རབས་ཀྱི་ཡར་སྔོན་ནས་བཟུང་རྩ་འཛུགས་ཡོད་པ་དང་མཉམ་དུ་ཆོས་ལུགས་ཀྱི་བྱ་བ་འགུལ་དང་ཆོ་ག་རེའང་ཡོད་པར་མངོན། བཙན་པོའི་རྒྱལ་རབས་སྐབས་དང་རྗེས་ནས་བོན་གྱི་དགོན་པ་རྣམས་ལྷག་པར་དུ་ཚགས་ཇེ་ཞིབ་དང་གྲྭ་འབོར་ཇེ་ཆེ། ཆོས་ལུགས་ཀྱི་བྱ་འགུལ་ཇེ་མང་སོགས་སུ་དར་ཡོད་པས། དེ་རྣམས་ས་མན་ཆོས་ལུགས་ཀྱི་དམངས་ཁྲོད་ཀྱི་མཆོད་བཀུར་ཙམ་དང་གཏན་ནས་འདྲ་ཐབས་མེད།
བཞི་བ། ལྷ་ཁང་དང་ཆེད་གཉེར་མི་སྣ། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ལྟར་ན། བོད་ནས་ལྷ་ཁང་ཆེས་སྔ་བ་ནི་གཉའ་ཁྲིའི་དུས་ཀྱི་གཡུང་དྲུང་ལྷ་རྩེ་ཡིན་པ་འདྲ། དེ་ནས་བཟུང་བོད་ཀྱི་གསས་ཁང་བརྩིགས་པའི་འགོ་བརྩམས་པ་རེད། དེའི་རྗེས་སུ་མུ་ཁྲིས་ཞང་ཞུང་ནས་བོན་པོ་རྣམས་གདན་དྲངས་པའི་དུས་ཡང་གསས་ཁང་སུམ་ཅུ་སོ་བདུན་བཞེངས་(11)སྐད། ཕྱིས་སུ་ལོ་རྒྱུས་ཀྱི་འཕེལ་རྒྱས་དང་རིག་གནས་ཆུ་ཚད་ཀྱི་མཐོར་འདེགས་དང་བསྟུན་ནས་གསས་ཁང་བརྩིགས་པའང་ཇེ་ཆེ་དང་ཇེ་རྒྱས་སུ་གྱུར་པར་མ་ཟད། དེ་དག་གི་ནང་དུ་ཐང་ག་དང་རྟེན་བཞེངས་ཀྱང་མང་པོ་བྱས། མཐར་དེ་དག་སྐྱ་བོ་འཚོགས་པའི་གསས་ཁང་གི་རིགས་དང་སེར་མོ་བ་འཚོགས་པའི་དགོན་སྡེ་སྡེ་ཁག་གཉིས་སུ་གྱེས་ནས་ཕལ་ཆེར་བོད་ཁམས་ཡོངས་སུ་ཁྱབ་ཡོད། ས་མན་ཆོས་ལུགས་ལ་འཚོགས་སའི་གནས་འགའ་རེ་ཡོད་པ་ལས་གོང་སྨྲས་ཀྱི་ལད་མོ་ཙམ་ཡང་བརྗོད་ཀྱི་མི་འདུག མན་ཇུ་མི་རིགས་ལ་ནུར་ཧལ་ཁྲིས་མན་ཇུ་གཅིག་གྱུར་བྱས་རྗེས་དགོན་ཆེན་བདུན་བཞེངས་པ་དང་། སོག་པོས་ཀྱང་ཕྱི་རབས་ལོ་རྒྱུས་སུ་དགོན་པ་དགའ་རེ་བཞེངས་ཡོད། དེ་ཐམས་ཅད་ཐུབ་བསྟན་པའི་དགོན་པ་ཡིན་པ་ལས་ས་མན་ཆོས་ལུགས་གཏན་ནས་མ་རེད། ཆེད་གཉེར་མི་སྣ་ནི་ཆོས་ལུགས་ཁོ་ན་གཉེར་བར་ཟེར་ལ། བོད་ཁམས་ཀྱི་བོན་གྱི་གསས་ཁང་དང་དགོན་པ་ཁག་ཏུ་གྲངས་ཀྱིས་མི་ལང་བ་ཡོད་ལ་དཔེར་ན། བོན་གྱི་དགོན་ཆེན་གཡུང་དྲུང་ལྷ་ལྡིང་(སྟེང་)ལ་བླ་གྲྭ་སྟོང་ཕྲག་ཁ་ཤས་སུ་བུད་མྱོང་། ས་མན་ཆོས་ལུགས་ལ་དགོན་ཁག་གཏན་ནས་མེད་པ་དང་ཆེད་གཉེར་མི་སྣ་ཡང་དམངས་ཁྲོད་དུ་ཁྱབ་པའི་ལྷ་བ་འགའ་རེ་ལས་མེད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད།
སྤྱིར་བཏང་གིས་བལྟས་ན། གཙོ་ལྷའི་ཆོས་ལུགས་ཚང་མ་ལྷ་མང་ཆོས་ལུགས་ཀྱི་རྨང་གཞིའི་སྟེང་ནས་དར་ཞིང་རྒྱས་པ་རེད། ལྷ་མང་ཆོས་ལུགས་མེད་ན། གཙོ་ལྷའི་ཆོས་ལུགས་ཡང་འབྱུང་བའི་གཞིས་སྟོངས་པ་རེད། བོན་པོའི་ཆོས་ལུགས་ཀྱང་དེ་ལས་མ་འདས་ཏེ། སྟོན་པ་གཤེན་རབ་ཀྱི་ཡར་སྔོན་དུ་བོད་ཁམས་ཐམས་ཅད་གདོད་མའི་བོན་སྣ་ཚོགས་ཀྱིས་བསྐྱངས་པས་དེ་དག་གི་མཆོད་བཀུར་གྱི་ཆོ་ག་དང་ལྟ་བ་རྣམས་མི་རྣམས་ཀྱི་ནམ་རྒྱུན་གྱི་འཚོ་བ་དང་། ཐོན་སྐྱེད་ཀྱི་བྱ་འགུལ། རིག་གནས་ཀྱི་གོམས་སྲོལ་སོགས་སུ་ཤོག་གུ་སྣུམ་གྱིས་ཟིན་པ་ཇི་བཞིན་འདྲེས་ཤིང་ཐིམ་ཡོད། གཡུང་དྲུང་བོན་ནི་རྨང་གཞིའི་སྟེང་བསྟན་པ་རེད། སྟོན་པ་གཤེན་རབ་ཀྱིས་གཡུང་དྲུང་གི་བོན་སྟོན་དུས་སྔར་གྱི་གདོད་མའི་བོན་འདི་རྣམས་ལ་བཟོ་བཅོས་གང་མང་བྱས་པ་ཁོང་གི་མཛད་རྣམ་<<མདོ་གཟེར་མིག>>སོགས་སུ་གསལ་མོད། ཡིན་ན་ཡང་ཁོང་གི་རྗེས་ནས་ཀྱང་དུས་ཡུན་རིང་པོ་ཞིག་ལ་བཟོ་བཅོས་བྱས་པའི་བོན་འདི་དག་གཡུང་དྲུང་བོན་གྱི་རྨང་དུ་གྱུར་ཡོད། ཐ་ན་ད་ལྟའང་རྒྱུའི་བོན་དུ་བགྲངས་པའི་ཕྱྭ་གཤེན། སྣང་གཤེན། སྲིད་གཤེན། འཕྲུལ་གཤེན་སོགས་ཀྱི་ནང་དོན་ཚང་མའི་ཁུངས་གདོད་མའི་བོན་མ་གཏོགས་བཙལ་ས་མེད། མི་ལ་ལས་བོན་པོ་ས་མན་ཆོས་ལུགས་རེད་ཟེར་བའི་གཞི་འཛིན་ས་ཡང་དེ་ལ་ཐུག ཡིན་ན་ཡང་གཡུང་དྲུང་བོན་ལ་གདོད་མའི་བོན་དེ་དག་མ་གཏོགས་དེ་ལས་གལ་ཆེ་བའི་ནང་དོན་གང་མང་ཡོད་དེ། ད་ལྟའི་བར་དུ་བོན་གྱི་སྲོག་ཤིང་དུ་མཐོང་བའི་རྫོགས་པ་ཆེན་པོ་ཡང་དེ་འདྲ་རེད།
རྫོགས་པ་ཆེན་པོ་དེའི་འབྱུང་ཁུངས་བན་བོན་གང་ལ་ཐུག་པའི་སྐོར་དེ་བོད་ཀྱི་ལོ་རྒྱུས་སྟེང་ནས་རྩོད་པ་མང་པོ་བྱས་མྱོང་ན་ཡང་། དེ་སྐོར་གྱི་རྩོད་པ་<<ཞང་ཞུང་སྙན་རྒྱུད་ཀྱི་ལོ་རྒྱས>>སོགས་འབྲེལ་ཡོད་ཡིག་ཚང་དག་ལ་བསམ་གཞིགས་ཞིབ་མོ་རེ་བཏང་ན། རྫོགས་ཆེན་གྱི་ཁུངས་དེ་བོན་པོ་མ་གཏོགས་ངོས་འཛིན་ས་མེད་པར་མ་ཟད། དེའི་བརྒྱུད་ཁུངས་དེ་སྲོང་བཙན་ནས་ལོ་མང་པོ་སྔོན་ལ་ཞང་བོད་དུ་གནས་ཡོད་པར་བཞེད་པ་དེར་ཡིད་ཆེས་ཆོག་སྙམ། རྙིང་མ་བ་ནི་བོད་ཀྱི་ཐུབ་བསྟན་པའི་གྲུབ་མཐའ་ཆེས་སྔ་བ་ཞིག་ཡིན། ཐུབ་བསྟན་པ་ཐོག་མར་བོད་དུ་དར་དུས་བོད་མི་རྣམས་ཀྱིས་ཡུལ་ཁམས་གཞན་པ་དང་མི་རིགས་གཞན་པའི་རིག་གནས་དེ་ལ་ཆ་རྒྱུས་མེད་པ་དང་རང་སའི་བོན་གྱི་རིག་གནས་སྲུང་སྐྱོབ་བྱེད་པའི་ཆེད་དུ་ངོ་རྒོལ་དྲག་པོ་བྱས་པས། ཐུབ་བསྟན་པས་ཁོ་ཚོའི་རིག་གནས་དེ་བོད་ནས་རྐང་ཚུགས་པའི་ཆེད་དུ་བོད་རང་སའི་ཆོས་ལུགས་ཀྱི་ནང་དོན་དང་ལེན་བྱས་ནས་བོད་མི་དམངས་སེམས་ཁམས་དང་བསྟུན་ཅི་ཐུབ་བྱས། རྫོགས་ཆེན་ཡང་དེ་དུས་བོན་ལས་ཐུབ་བསྟན་པར་མཆེད་པ་རེད། ཕྱིས་སུ་ཐུབ་བསྟན་པའི་མཁས་པ་ལ་ལས་རྙིང་མ་བར་བོན་ཚ་ཞེས་སྡིགས་མཛུབ་བྱས་པ་གཙོ་བོ་དེ་ལ་ངོས་འཛིན་དགོས་ཤིང་། རྙིང་མ་མ་གཏོགས་པའི་བོད་ཀྱི་ཐུབ་བསྟན་པའི་གྲུབ་མཐའ་གཞན་པ་རྣམས་ཀྱིས་རྫོགས་ཆེན་གྱི་ཉམས་ལེན་གཏན་ནས་མི་བྱེད་པའང་རྒྱུ་མཚན་དེ་ལ་ཐུག རྫོགས་ཆེན་གྱི་ཁུངས་གང་ཡིན་ཕྱོགས་ཀྱི་རྟགས་དཔྱད་ཞིབ་མོ་གཞན་ནས་བྱས་ཆོག་གི་གོང་སྨྲས་ཀྱིས་རྫོགས་པ་ཆེན་པོ་དང་དེ་མཚུངས་ཀྱི་རིག་གནས་གཞན་དག་རྣམས་ཀྱང་བོན་གྱི་ནང་དོན་མང་པོ་རྒྱུད་འཛིན་བྱས་ཡོད་ན་ཡང་། ཁོང་གིས་བསྟན་པའི་གཡུང་དྲུང་བོན་དང་དེའི་སྔར་གྱི་གདོད་མའི་བོན་རྣམས་ལ་ཁྱད་པར་ཆེན་པོ་ཡོད། ཁོང་གིས་བསྟན་པའི་བོན་ལ་གཡུང་དྲུང་བོན་ཟེར་ནས་གདོད་མའི་བོན་དང་ཁྱད་པར་ཕྱེ་དོན་ཡང་རྒྱུ་མཚན་དེ་ལ་ཐུག གཤེན་རབ་ནས་བཟུང་བོན་གྱི་ཆོས་ལུགས་དེ་རང་བྱུང་ཆོས་ལུགས་ནས་མིས་བསྟན་བཅོས་ལུགས་ལ་བར་བརྒལ་གྱི་འགོ་བརྩམས་པ་དང་། བཙན་པོའི་རྒྱལ་རབས་སྐབས་དང་ལྷག་པར་དུ་ཕྱིས་སུ་ཐུབ་བསྟན་པའི་ཤན་ཆེན་པོ་ཞུགས་པས་གཙོ་ལྷའི་ཆོས་ལུགས་ཁོ་ན་ཞིག་ཏུ་གྱུར་ཡོད་ལ། ཡུན་རིང་གི་བར་བརྒལ་དེ་བརྒྱུད་ནས་སྟོན་པ་གཤེན་རབ་ཀྱང་ཆོས་ལུགས་གཞན་པ་རྣམས་ཀྱིས་སྟོན་པ་དང་འདྲ་བར་ཁོ་རང་ལོ་རྒྱུས་སྟེང་གི་མི་སྣ་ཡིན་པའི་མཛད་པ་དང་། ཕྱིས་ཀྱི་དད་ལྡན་རྣམས་ཀྱི་རྟོག་སྣང་ལྟར་ཆེ་བརྗོད་བྱས་པ་འདྲེས་ནས་བོན་གྱིས་ནང་དོན་འགའ་རེ་བརྒྱུད་འཛིན་བྱས་ཡོད་པས་ས་མན་ཆོས་ལུགས་ཡིན་པའི་སྒྲུབ་བྱེད་དུ་གཏན་ནས་མི་འགྱུར་ཏེ། གོང་སྨྲས་ཀྱི་འདྲ་མཚུངས་དེ་དག་དང་དེ་མཚུངས་ཀྱི་ནང་དོན་མང་པོ་ཞིག་ཆོས་ལུགས་འདི་གཉིས་མ་གཏོགས་རྒྱ་ནག་དང་གླིང་གཞན་པའི་མི་རིགས་ཁག་གི་རིག་གནས་སུ་ཡང་མང་བས་སོ།།
དེ་བས་ཁོ་བོའི་ལྟ་ཚུལ་ནི་བོན་པོ་དང་ས་མན་ཆོས་ལུགས་གཉིས་ནི་ལོ་རྒྱུས་ཤིན་ཏུ་རྙིང་བ་ཡིན་པས་ཐུན་མོང་གི་ནང་དོན་འགའ་རེ་ཡོད་མོད། དེ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་སྐོར་གོང་སྨྲས་ལས་ཀྱང་མང་ཞིང་གལ་ཆེ་བས་ཆོས་ལུགས་དེ་གཉིས་གཅིག་ཏུ་མཐོང་བ་ནི་ཁུངས་ལུང་མེད་པའི་གཏམ་དུ་ངེས། ས་མན་ཆོས་ལུགས་ནི་སོག་པོ་དང་མན་ཇུ་སོགས་སུ་དར་བའི་ད་ལྟ་ད་རུང་རང་བྱུང་ཆོས་ལུགས་ཀྱི་ཚད་དུ་གནས་ཡོད་པའི་གདོད་མའི་ཆོས་ལུགས་ཤིག་ཡིན་ལ། བོན་བསྟན་ནི་སྔར་ནས་མིས་བསྟན་ཆོས་ལུགས་ཀྱི་ཚད་དུ་སླེབས་པར་མ་ཟད་སྔ་ནས་བརྒྱུད་འཛིན་དང་བར་ནས་གསར་གཏོད་ཕྱིས་སུ་དང་ལེན་བཅས་བྱས་ནས་གཞུང་ལུགས་དང་བསྟན་བཅོས་གང་གི་ཆ་ནས་ཀྱང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གཙོ་ལྷའི་ཆོས་ལུགས་ཅུང་ཆེན་པོ་རེད།།” ཞེས་སོ།། །།