བོན་ཐམས་ཅད་རང་གིས་ཀྱང་ཤེས་ལ་ཞེས་པ་སོགས་ཀྱི་དོན་གང་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། གཙང་གཤེན།
དྲི་བ། ཐེག་འགྲེལ་ལས། བོན་ཐམས་ཅད་རང་གིས་ཀྱང་ཤེས་ལ། བོན་ཉིད་སེམས་ཉིད་ཀྱིས་ཀྱང་དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པའོ། །ཞེས་པའི་དོན་གང་འདྲ་འགྲེལ་དགོས་སམ།
ལན། ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། “གཞན་ཡང་དེའི་ཆ་ནས་དོན་དམ་གསུམ་དུ་འདོད་དེ། རང་བཞིན་དོན་དམ་པ་དང་། ཡེ་ཤེས་དོན་དམ་པ་དང་། འབྲས་བུ་དོན་དམ་པའོ། །” ཞེས་པ་ནས། “གཉིས་པ་ནི། དེ་ལྟར་ཡིན་པ་སུས་ཤེས་ཤེ་ན། བོན་ཐམས་ཅད་རང་རིག་གིས་ཀྱང་ཤེས་ལ། བོན་ཉིད་སེམས་ཉིད་ཅིས་ཀྱང་དེ་ལྟར་ཡིན་པར་ཤེས་པའོ། །དེའི་ཕྱིར་རང་རིག་པ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །” ཞེས་གསུངས་པར་དེའི་འགྲེལ་བ་སྒ་སྟོན་ཐེག་འགྲེལ་དུ། “སྣ་ཚོགས་སུ་སྣང་བ་སེམས་ཀྱི་རྟགས་པས་སེམས། སེམས་སྤྲོས་པ་དང་བྲལ་བ་སེམས་ཉིད། དེ་བོན་ཐམས་ཅད་ཀྱི་ཤེས་ཏེ། བོན་ཐམས་ཅད་རིག་པར་གནས་པས། དེ་རང་རིག་བོན་ཉིད་སེམས་ཉིད་ཀྱང་དབྱིངས་སུ་རྒྱ་མ་ཆད་དེ་ཡེ་ཤེས་རང་གསལ་ལོ། །” ཞེས་གསུངས་པས་ཅུང་གསལ་པོ་འདུག་ཞུ། །