བོན་གྱི་སྒྲ་བསྒྱུར་ལོ་ཙྭ་བ་འགའ་ངོ་སྤྲོད།
ཁུངས་ལྡན་གྱི་ལོ་རྒྱུས་རྣམས་ལས་གསལ་བའི་བོན་གྱི་སྒྲ་བསྒྱུར་ལོ་ཙྭ་བ་དང་དཔོན་གསས་མཁས་གྲུབ་ཆེན་པོ་འགའ་ཞིག་གི་ངོ་སྤྲོད།
༧བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་རིན་པོ་ཆེ།
ཚན་པ་དང་པོ།
བསྒྲགས་གསུམ་གྱི་གཞུང་དང་ཡོངས་རྩེའི་འགྲེལ་རྣམས་ལས་གསལ་བ་ལྟར་ན། རྒྱ་གར་དང་རྒྱ་ནག་དང་ཞང་ཞུང་དང་སྟག་གཟིག་དང་བྲུ་ཤ་དང་མེ་ཉག་དང་ཟ་ཧོར་དང་བོད་ལ་སོགས་སྐད་རིགས་མི་གཅིག་པ་སུམ་བརྒྱ་དང་དྲུག་ཅུའི་སྒྲ་བསྒྱུར་དང་ཡིག་བསྒྱུར་ལ་མཁས་ཤིང་། བསྒྲགས་པ་གསུམ་གྱི་བསྟན་བདག་ཆེན་པོ། ཡོངས་རྩེ་ཀློང་ཆེན་ཆ་ལག་དང་བཅས་པ་ཐམས་ཅད་གཏན་ལ་འབེབ་པར་མཛད་པ། ཁྱད་པར་དུ་བསྒྲགས་པ་གསུམ་གྱི་བོན་སྐོར་ལ། ཚད་མ་གསུམ་གྱིས་བརྒྱན་ཏེ་མན་ངག་ལུང་གི་ཚད་མའི་རྩ་འགྲེལ་རྣམས་མཛད་པའི་དཔོན་གསས་མཁས་པ་ཆེན་པོ་ལི་ཤུ་སྟག་རིང་ནི། དགོངས་རྒྱུད་དྲུག་གི་ཀླད་དོན་ལས་གསལ་བ་ལྟར་ན། གཉན་ཟ་ར་སྟག་སྐྱ་བྱ་བ་ན། ཡབ་རྒྱལ་པོ་གཉན་སྟག་སྤུངས་བྱ་བ་དང་། ཡུམ་མུ་ལ་ཚ་བྱ་བ་གཉིས་ལ་དངོས་གྲུབ་ཏུ་རྙེད། མཚན་ལ་རླུང་རྒྱལ་སྟག་ཟ་ལི་ཝེར་དུ་གསོལ། བྲག་རིན་ཆེན་སྤུངས་པ་ན་མཆོག་ལྔའི་སྒྲུབ་པ་མཛད་པས་མོ་ལས་ཕོ་རུ་གྲུབ། མཁའ་འགྱིང་གཉན་གྱི་གདུང་འཛིན་པས་གཉན་ལི་ཤུ་སྟག་རིང་བྱ་བར་གྲགས། མི་ལོ་བརྒྱད་ཅུ་རྩ་གཉིས་སུ་རྒྱལ་སྲིད་བཟུང་ནས་འཕྲུལ་ངག་བོན་གྱི་བསྟན་པ་སྤེལ།
དེ་ནས་སྟག་གཟིག་གི་ཡུལ་དུ་བྱོན་ནས་དམུ་ཙ་ཏྲ་ཧེ་ལས་སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུའི་ལོ་ཙྭ་སྦྱངས། བར་པོ་སོ་བརྒྱད་དུ་སྒོ་བཞི་མཛོད་ལྔའི་རྒྱུད་རྣམས་གསན། སྐུ་ཚབ་རྒྱལ་བ་དོན་གྲུབ་ཀྱིས་ཤམ་པོ་ལྷ་རྩེ་རུ་ལུང་ཀུན་རྫོགས་པར་གནང་། ཚེ་དབང་ཀུན་འོད་རྒྱལ་པོས་ཁྲི་སྨོན་རྒྱལ་བཞད་དུ་ངོ་སྤྲོད་བཏབ་པས་བོན་ཉིད་མ་དང་མཇལ། མེ་ཏོག་མཛེས་པའི་གླིང་ལ་དཀའ་ཐུབ་མཛད་ནས་རིག་པ་བསྲང་དུ་བཅུག། གཡུང་དྲུང་དགུ་བརྩེགས་རི་ལ་སྒོམ་པ་ཐང་བཅད་པས་ཉམས་གསུམ་དྲོད་བཞི་རྟག་དྲུག་མངོན་དུ་གྱུར། ལྷོ་ཤར་དགོན་པའི་ནགས་གསེབ་ཏུ་མ་མོ་གཙུག་གི་རྒྱན་གཅིག་མས། ཁྲོ་བོ་དབང་ཆེན་ཨུ་དུ་འབར་བའི་རྒྱུད་དྲུག་དང་། དྲག་ཟློག་གི་རྒྱུད་ལས་སོགས་གསང་བ་སྔགས་ཀྱི་ཟབ་ལམ་མང་པོ་གསུངས། དགུང་ལོ་བདུན་བརྒྱ་བཞེས་པའི་དུས་ཨོ་རྒྱན་གྱི་ཡུལ་དུར་ཁྲོད་བསིལ་བར་དབལ་བོན་རོལ་པ་ལས་དྲག་སྔགས་ཀུན་ཞུས། རྒྱ་གར་གསས་ཁང་གཡུ་རྩེ་ཅན་དུ་རྒྱ་གར་ལ་མཁས་པ་ལྷ་བདག་སྔགས་དྲོ་ལས་མ་མོའི་རྒྱུད་ཀུན་གསན། རྒྱ་ནག་འབྲིམ་ཐང་སྣར་བ་རུ་རྒྱ་ནག་གི་མཁས་པ་ལེགས་ཏང་རྨང་པོ་ལས་རིན་པོ་ཆེ་གཏོར་ཟློག་གི་རྒྱུད་དང་སྲུང་ཟློག་ཀུན་ཞུས། དགུང་ལོ་སྟོང་དང་ཉིས་བརྒྱའི་དུས་སུ་སྟག་གཟིག་ནས་བོན་གྱི་ཡང་བཅུད་ཁྲི་ཕྲག་གཅིག་བསྣམས་ཏེ། ཏི་སེ་དང་། དེ་ནས་བསམ་ཡས་སུ་ཕེབས་ཏེ་རྒྱལ་པོའི་བླ་མཆོད་མཛད་དོ། །
ཁྱད་པར་དུ་སྤྲུལ་པའི་སྐུ་མཆོག་ལི་ཤུ་སྟག་རིང་གིས་དགུང་ལོ་ཉིས་སྟོང་སུམ་བརྒྱའི་དུས་སུ་སློབ་དཔོན་བླ་མ་རྣམ་བཞི་སྟེ། འོད་ཟེར་དཔག་མེད། མུན་པ་ཀུན་གསལ། འཕྲུལ་གཤེན་སྣང་ལྡན། གསང་བ་འདུས་པ་བཞི་དང་། སྒྲ་བསྒྱུར་སྨྲ་བའི་མཁས་གྲུབ་དུ་མའི་གཙུག་རྒྱན་ཞང་ཞུང་སྟོང་རྒྱུང་དང་། སེ་བོན་ཤ་རི། མེ་ཉག་ལྕེ་ཚ། ལྡེ་བོན་གྱིམ་ཚ་བཞི་ཡི་དགོངས་པ་མངོན་དུ་གྱུར་ཏེ། ཤེལ་གྱི་བྲག་དཀར་རྩེ་རྫོང་ཞེས་རིགས་ཀྱི་རྟགས་བཞིས་བརྒྱན་པའི་ངོ་མཚར་གྱི་གནས་མཆོག་དེ་ན། ཚེ་གཅིག་སངས་རྒྱས་མངོན་དུ་གྱུར་པའི་གདམས་པ་སྙན་རྒྱུད་ཡོངས་རྩེ་ཀློང་ཆེན་ཞེས་བྱ་བ་འདི་ཉིད་མཛད་དོ། །
དེའི་ཚེ་དེའི་དུས་སུ་བོན་གྱི་སྒྲ་བསྒྱུར་དཔོན་གསས་མཁས་པ་ཆེན་པོ་བཅོ་བརྒྱད་ཀྱང་བྱུང་བ་སྟེ། སྟག་གཟིག་གི་མཁས་པ་དྲུག རྒྱ་གར་གྱི་མཁས་པ་ལྔ། ཞང་ཞུང་གི་མཁས་པ་བཞི། བོད་ཀྱི་མཁས་པ་གསུམ་མོ། །
དང་པོ་སྟག་གཟིག་གི་མཁས་པ་དྲུག་ནི། ཁྱུང་པོ་ལྟག་སྒྲ་དུན་ཙུག བྷེ་ཤོད་ཏྲམ་ཆེན་པོ། གུ་རིབ་བཙན་དོར་མི་གསར། ཕུ་ལུ་གྲུ་འཛིན་ཆེན་པོ། ལྡེ་གྱིམ་ཐང་རྨ་བོ། སུམ་པ་མུ་ཕྱ་ཆེན་པོ་དང་དྲུག་གོ །
གཉིས་པ་རྒྱ་གར་གྱི་མཁས་པ་ལྔ་ནི། འགར་ཧེས་པོ་དུག་འདུལ། ཕྱྭ་སྟག་སྒྲ་གྱེ་ཤེགས། བ་གོར་དོད་དེ་རྒྱལ་བ། ལྗང་ཚ་འཕན་སྣང་། སྣུབ་མ་གཉེར་བཞི་བཙན་དང་ལྔའོ། །
གསུམ་པ་ཞང་ཞུང་གི་མཁས་པ་བཞི་ནི། ཕྱིས་པོ་ག་ར་མོན་སར། མཁར་ལྷ་བཞེར་མཆེས་པ། སྐུ་གཤེན་གྱིམ་ཐང་རྨ་བོ། གཤེན་དྲན་པ་ནམ་མཁའ་དང་བཞིའོ། །
བཞི་པ་བོད་ཀྱི་མཁས་པ་གསུམ་ནི། བོན་བློན་གསས་ཆེན། དབལ་ཁྲི་ཟུངས་སྟོང་ལོད། འཁོས་ཁྲི་སྟོང་རྒྱལ་པོ་དང་གསུམ་མོ། འདི་རྣམས་ནི་སློབ་དཔོན་ལི་ཤུས་མཛད་པའི་སྙན་རྒྱུད་ཡོངས་རྩེའི་གཞུང་ལས་གསལ་བ་ལྟར་ཟུར་དུ་ཕྱུངས་ཏེ། ཅུང་ཙམ་གསལ་ཁ་བྱས་པའོ། །
ཚན་པ་གཉིས་པ།
བདེན་པ་བོན་གྱི་སྒྲ་འགྲེལ་དང་སྙན་རྒྱུད་འཕྲུལ་གྱི་ལྡེ་མིག་རྣམས་ལས་གསལ་བ་ལྟར་ན། ཞང་ཞུང་ཁྱུང་ལུང་དངུལ་མཁར་འོམ་པོ་སྒོ་བཞི་བྱ་བ་རུ། ཡབ་རྒྱུང་ཡར་མུ་ཁོད་དང་། ཡུམ་ཕྱ་བཙུན་གུང་མ་གཉིས་ཀྱི་སྲས་སུ་འཁྲུངས་པའི་ཞང་ཞུང་གི་དྲན་པ་ནམ་མཁའ་ཞེས་པ་འདི་ཉིད། བདེན་པ་བོན་གྱི་སྒྲ་འགྲེལ་ཆེན་པོ་དང་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་གི་གཞུང་འགྲེལ་རྣམས་ཀྱི་བྱེད་པོ། ཐིག་ལེ་དགུ་བསྐོར་ཡང་སྙིང་གསང་བའི་ལུང་ལས་སྟོད་སྨད་བར་གསུམ་གྱི་འགྲེལ་དང་ལྡེ་མིག་ཡང་གབ་ལ་སོགས་ཀྱི་གཞུང་དང་འགྲེལ་ཕལ་ཆེར་གསལ་བར་བྱེད་པའི་དཔོན་གསས་ཆེན་པོའོ།
སྒྲ་བསྒྱུར་དཔོན་གསས་ཆེན་པོ་འདི་ཉིད་བཞུགས་པའི་སྐུ་དུས་སུ་ཡང་། སྒྲ་བསྒྱུར་དཔོན་གསས་ཆེན་པོ་མཁས་པ་མི་བརྒྱད་བཞུགས་ཡོད་པ་ནི། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། བོད་ཤ་རི་དབུ་ཆེན། ལྡེ་གྱིམ་ཚ་རྨ་ཆུང་། མེ་ཉག་ནེ་རྒྱུང་མཁར་བུ། སྟག་གཟིག་ཟ་རང་མེ་འབར། སུམ་པ་ཁ་ཡལ་རླུང་ལྕེ། གེ་སར་རྔམ་པ་ལྕེ་རིང་། སྟང་ཆེན་དམུ་ཚ་གྱེར་མེད་དང་བརྒྱད་དོ། །
དེ་དང་དུས་མཚུངས་སྐྱེལ་མུ་ཐུར་དང་། ཁེ་ནན་ཡོ་ཕྱ་ལ་སོགས་མང་བར་བཞུགས་ཡོད་པར་གསལ། འདི་རྣམས་དུས་རབས་བདུན་པའི་ཡར་སྔོན་ནས་བཞུགས་ཡོད་པའི་བོན་གྱི་སྒྲ་བསྒྱུར་གྱི་དཔོན་གསས་ཆེན་པོ་དང་ལོ་ཙྭ་བ་འགྲན་པའི་ཟླ་དང་བྲལ་བ་ཤ་སྟག་ཡིན་ནོ། །
ཚན་པ་གསུམ་པ།
སྤྱི་རྒྱུད་ཆེན་པོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་ལ་ཟླའི་བམ་པོ་ལྔ་་ཡི་མདོ་འཛིན། མཆོང་ཉེར་ལྔའི་འགྲེལ་མཛད། དྲང་དོན་མུན་སེལ་སྒྲོན་མའི་གཞུང་དང་ངེས་དོན་ནམ་མཁའ་འཕྲུལ་མཛོད་གྱི་གཞུང་ཆེན་རྩ་འགྲེལ་དང་བཅས་པ་རྣམས་ཀྱི་གསལ་བྱེད། རྒྱ་བོད་མཁས་པ་ལྔ་བརྒྱ་ལས་ཕུལ་དུ་བྱུང་བའི་སྒྲ་བསྒྱུར་དཔོན་གསས་ཆེན་པོ། དམུ་གཤེན་དྲན་པ་ནམ་མཁའ་ཞེས་པ་འདི་ནི། ཡབ་དམུ་གཤེན་དག་པ་དང་ཡུམ་བདའ་ཟ་མཁར་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མདོ་སྔགས་སེམས་གསུམ་གྱི་བསྟན་པའི་བདག་པོ། ཞང་ཞུང་དང་ཨུ་རྒྱན་དང་བྲུ་ཤ་དང་རྒྱ་གར་དང་བཅས་པ་ཐམས་ཅད་དུ་བགྲོད་ནས་ཐོས་པ་ཕྱོགས་མེད་དུ་སྦྱངས། ཁྱད་པར་དུ་སྔགས་རྫོགས་ཀྱི་གཞུང་ཆེན་ཟབ་མོ་རྣམས་དང་། ཡང་སྒོས་སུ་བོན་ཆོས་རིས་མེད་ཀྱི་གཞུང་རྣམས་ལ་མཁྱེན་པ་ཕྱོགས་མེད་དུ་མངའ་བའི་རིག་པའི་རྩལ་རྫོགས་དཔའ་བོ། ཁོང་ལ་མཚན་གྱི་རྣམ་གྲངས་མང་བ། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས་དྲན་པ་ནམ་མཁའ་དང་ཀ་དཔལ་ཆེན་པོ། ཕུང་བོན་མགོ་དམར་བཅས་གསལ་ལོ། །རྒྱལ་པོས་བཀའ་ཡི་ཆད་པ་བཅད་ནས་དགུང་ལོ་སོ་གཅིག་ཐོག་ཆོས་པའི་ཚུལ་བཟུང་སྟེ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱི་བསིལ་མཁན་ཡང་དག་པོ་དྲན་པ་འདི་ཉིད་དོ། རྒྱལ་པོས་བཀས་བཅད་པ་ལ་བརྟེན་ནས་སེམས་ཕྱོགས་ཀྱི་བོན་གཞུང་རྣམས་ཆོས་སུ་བསྒྱུར་མཁན་ཡང་དག་པོ་དྲན་པ་འདི་ཉིད་ཡིན་པར་དྲན་པའི་ཨ་དཀར་དགོངས་འདུས་དང་ཁ་བྱང་ཆེན་མོ་རྣམས་ལ་གཟིགས་ན་རྟོགས་པར་ནུས་སོ། །
ཚན་པ་བཞི་པ།
གཏན་ཚིགས་གལ་མདོ་རིགས་པའི་ཚད་མ་ལས། བདག་འདྲ་མུ་ཙ་ལོ་ཙྭ་སྒྲ་མཁས་ཀྱིས། ཚེ་སྟོད་གཡུང་དྲུང་བོན་གྱི་སྒོར་ཞུགས་སྤྱད། མིང་ཡང་བ་གོར་རིན་ཆེན་གསས་སུ་བཏགས། ཚེ་སྨད་དམ་པ་ཆོས་ཀྱི་སྒོར་ཞུགས་སྤྱད། མིང་ཡང་བ་གོར་བཻ་རོ་ཙ་ནར་བཏགས། ཞེས་གསུངས་པ་ལྟར། སྒྲ་བསྒྱུར་གྱི་མཁས་པ་ཆེན་པོ་འདི་ནི། བན་བོན་དབྱེ་བསལ་མི་མཛད་པའི་མཁས་གྲུབ་ཆེན་པོ་ཞིག་ཀྱང་ཡིན་ལ། དག་པོ་དྲན་པ་ནམ་མཁས་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་གྱི་གདམས་པ་གཏད་སའི་སློབ་བུ་ཡང་ཡིན། མཁས་པ་འདི་ཡིས་སྒྲ་བསྒྱུར་མཛད་པའི་བོན་གཞུང་ལ། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་དང་འགྲེལ་མེ་ལོང་དགུ་སྐོར། རྩོད་སྤོང་སྨྲ་བའི་སེང་གེ། མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་པའི་མདོ་རྒྱུད་སོགས་ད་བཞུགས་མཇལ་དུ་ཡོད། མཁས་པ་འདི་ལ་མཚན་གྱི་རྣམ་གྲངས་ཀྱི་ཆ་ནས་ཞུས་ན། ཆུང་དུས་བ་གོར་རིན་ཆེན་གསས་ཞེས་གསོལ། དེ་རྗེས་ཐང་ཡིག་ཤེལ་བྲག་མའི་ལེའུ་བཞི་པར། །བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། །མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས། །སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས། །བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིས། །རྩིས་བསྒྱུར་ནང་དུ་ཨིཎྜ་བཻ་རོ་བྲིས། །སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག །མདོ་ཆོས་དགོངས་འགྲེལ་དང་བཅས་ཕལ་ཆེར་བསྒྱུར། །ཞེས་གསལ་བ་ལྟར། ཞང་ཡེ་ཤེས་སྡེ། བཻ་རོ་ཙྭ་ན། གན་ཇག་ཐང་ཏ། ཨིཎྜ་བཻ་རོ། ཆོས་འབར། ཞེས་སུ་གྲགས་པ་རྣམས་སོ། །
ཚན་པ་ལྔ་པ།
མཁས་གྲུབ་ཆེན་པོ་གཅོ་ཟ་བོན་མོ་ནི། དྲང་དོན་གྱི་གཏམ་རྒྱུད་བརྡ་ཡི་གཟེར་བུ་ལས་གསལ་བ་ལྟར་ན། ཡུལ་དག་པོ་རྩ་ཤོད་པ། ཡབ་གཅོ་གྱིམ་བུ་ལེན་ཚ། ཡུམ་རྒྱ་མོ་སྐྱིད་ལྕམ་གཉིས་ཀྱི་སྲས་མོར་འཁྲུངས། ཆུང་ནས་ངེས་པར་འབྱུང་བའི་བློ་དང་ལྡན་པས་བསམ་ཡས་བྲག་དམར་གྱི་གནས་སུ་གཤེགས། གཤེན་ལི་ཤུ་སྟག་རིང་ལས་རྫོགས་ཆེན་ལུང་དྲུག་གི་གདམས་པ་ཞུས། བླ་ཆེན་དྲན་པ་ལས་སྙན་རྒྱུད་དྲང་ངེས་གཉིས་ཀྱི་དགོངས་པ་བླངས། ཧས་པོ་རི་ལ་སྒོམ་སྒྲུབ་མཛད་ནས་ཕུང་པོ་ལྷག་མེད་དུ་གྲོལ་བ་ཐོབ་པ་ལགས་སོ། །
བོད་རྒྱལ་ཁྲི་སྲོང་གིས་བཀས་བཅད་ནས་ལོ་ཆེན་བཻ་རོས་བོན་རྣམས་ཆོས་སུ་བསྒྱུར་བའི་དུས། བོན་མོ་འདི་ཡིས་སྒྲ་བསྒྱུར་གྱི་སྡོང་མཛད་པ་བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་ལས་གསལ་བ་ལྟར་རོ། །རང་ཅག་བོན་གཞུང་རྣམས་སུ་གསལ་བའི་བསམ་གྱིས་མི་ཁྱབ་པའི་བོན་གྱི་སྒྲ་བསྒྱུར་དཔོན་གསས་ཆེན་པོ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཕྱིར་དུ་བོན་གྱི་གཞུང་ཆེན་འགའ་ཞིག་ལས་ཟུར་དུ་ཕྱུངས་ཏེ་ཉི་མིང་པས་གོ་བདེ་བར་བྱས་པ་ཙམ་ལས་རང་གི་རིག་སྟོབས་ཀྱིས་བརྩམས་པ་གང་ཡང་མེད་དོ། །
ཉི་མིང་པས།