བོན་གྱི་ལོ་རྒྱུས་ལྟར་ན་སྐྱེས་པ་དང་བུད་མེད་སོགས་ཀྱི་ཐ་སྙད་ཇི་ལྟར་འཐོག་པར་བཤད་ཡོད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། དེའི་སྐོར་བོན་གྱི་ལོ་རྒྱུས་སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ་ལས། “ ཚེ་ལོ་བཞི་ཁྲི་ཐུབ་དུས་སུ། རྒྱལ་རིགས་དྲ་མ་མངའ་མཛད་ཚེ། དྲུམ་ཤིང་བཅུད་ལ་སྤྱོད་པའི་དུས། འཁོར་བའི་སེམས་ཅན་ཐམས་ཅད་ལ། ཐར་པ་བས་ཀྱང་ལྟུང་བ་མང་། འབྲས་ཟོས་ཉོན་མོངས་ཆགས་པ་སྤྱད། མངལ་སྐྱེས་འབྲས་བུ་བུ་རུ་བྱུང་། ཕྱིར་ལ་བུད་པའི་བུ་ཞེས་བྱ། བུ་ཡིས་ཨ་ཕ་ཨ་མ་སྨྲས། ཕ་མ་རྒྱལ་པོས་འབྲས་བགོས་ཚེ། གཅིག་གིས་རྐུས་པས་གཅིག་གིས་བདམས། རྒྱལ་པོས་ཞ་༼ཞལ༽ལྕེ་ཁྲིམས་ཀྱིས་བཅད། ངས་མ་རྐུས་ཞེས་ཟེར་རྫུན་བསྙོན་བྱས། བདག་པོས་ཞེ་སྡང་མཚོན་དབྱུག་ཕྱུང་། རྐུན་མ་བསད་དེ་རོ་ཡང་བྱུང་། མ་དེས་བུ་དེ་མེད་ཞེས་ངུས། ཕ་དེས་ད་རུང་སྐྱེ་འོ་ཟེར། བུ་མེད་སྐྱེས་པ་བྱ་བར་ཐོགས། ” ཞེས་རིམ་པར་བུ་དང་བུ་མེད། སྐྱེས་པ་སོགས་ཀྱི་ཐ་སྙད་བཏགས་པར་བཤད་ཡོད། །