བོན་གྱི་རྒྱན་ཆས་སྐོར་གང་དང་གང་ཡོད་གསུང་རོགས།
རྩོམ་བྲིས་པ། དགེ་བཤེས་བློ་གྲོས་རབ་གསལ། དྲི་བ་གཏོང་མཁན། གཟི་ཁྲ་བོ།
དྲི་བ། བོན་ལུགས་ལ་རྒྱན་གོས་སྐོར་གང་དང་གང་ཡོད། དཔེར་ན་འདུལ་བ་པ་དང་སྔགས་པ་རྣམས་ཀྱི་རྒྱན་གོས་མི་འདྲ་བ་ཡོད་དམ།
ལན། སྐུ་ཉིད་ཀྱི་བཀའ་དྲིའི་ཐད་ལ་དགེ་བཤེས་བློ་གྲོས་རབ་གསལ་ལགས་ཀྱིས་བྲིས་གནང་བའི་(ཞྭ་དཀར་གཡུང་དྲུང་བོན་གྱི་རྒྱན་ཆས་སྐོར་རགས་ཙམ་གླེང་བ་)ཞེས་པ་དེ་འདིར་ཆ་ཚང་ཕུལ་ཡོད་པས་གཟིགས་རོགས།
ཞྭ་དཀར་གཡུང་དྲུང་བོན་གྱི་རྒྱན་ཆས་སྐོར་རགས་ཙམ་གླེང་བ།
དགེ་བཤེས་བློ་གྲོས་རབ་གསལ། (མ་རྩོམ་ཡོང་ཁུངས། ནོར་གླིང་བོད་ཀྱི་རྩོམ་རིག་སྡེ་ཚན།)
[su_accordion]
[su_spoiler title=”ཐོག་མའི་གླེང་གཞི།” style=”fancy”]
ཐོག་མའི་གླེང་གཞི།
འཛམ་གླིང་ཟླུམ་པོའི་གཞི་ཁྱོན་འདིར་སྐུ་ཚེ་འདུ་བྱེད་སྟོང་བའི་ཕ་མེས་དང༌། ཡང་མེས་ཚོས་ངལ་བ་བསྲིངས་པའི་ལག་རྗེས་ལས་ཐོན་པའི་ཆོས་ལུགས་དང༌། དངོས་ཁམས་རིག་པ། རིག་གཞུང་དང་སྒྱུ་རྩལ་རིག་པ། གོམས་གཤིས་དང་བཟོ་སྒྲུབ་རིག་པ་རྣམས་མཚན་མོའི་སྐར་ཚོགས་བཞིན་གཅིག་ལས་གཅིག་སྒེག་པའི་ཟོལ་དུ་ི་རབས་རྗེས་མའི་ཆེད་དུ་བཞག་པ་གནང་འདུག འོན་ཀྱང༌། དེང་རབས་གསར་འབུས་ཀྱི་མི་རྣམས་ཟང་ཟིང་གི་ཕོན་པོར་གྱུར་དང་འགྱུར་བཞིན་པའི་གཉན་འཕྲང་འདིར། གནའ་མིས་རྗེས་བཞག་མཛད་པའི་སྲོལ་རྒྱུན་སྣ་གཅིག་གད་སྙིགས་ཁྲོད་བྱོ་ན། མི་རབས་ནས་མི་རབས་བར་གསོག་གཞག་གནང་བའི་སྲོལ་རྒྱུན་གཅིག་འཛམ་གླིང་འདིའི་ནང་ཉུང་དུ་སོང་བ་མ་ཟད། ད་ཆའི་མི་རབས་འདིས་ཕ་ནོར་གཅེས་ཉར་མ་ཐུབ་པའི་མཚང་འབུས་ཤིང༌། འབྱུང་འགྱུར་གྱི་མི་རབས་གསར་པས་ང་ཚོར་འཁང་ཚིག་དང་སྨྲེ་ངག་ཀྱང་སྒྲོགས་སྲིད། དེར་བརྟེན་བོད་ཀྱི་རིག་གཞུང་དྭངས་མའི་ལོ་རྒྱུས་གསོན་པོ་ཁག་རྣམས་བང་མཛོད་དུ་གསོག་འཇོག་བྱེད་པའམ་ཡང་ན་མི་ཡི་སེམས་ངོགས་སུ་བཅུག་གང་ཐུབ་བྱེད་རྒྱུའི་འོས་འགན་ང་ཚོ་རྩམ་ཟན་པ་ལ་འཁྲི་ཡོད་སྟབས། ད་ལམ་ཁོ་བོས་ཡ་ཐོག་བོད་མིའི་སྙིང་བཅུད་ལས་མཆེད་པའི་ཞྭ་དཀར་བོན་གྱི་རྒྱན་ཆས་སྐོར་ཅུང་ཙམ་ཞིག་རྩོམ་སྟེགས་སྒང་ནས་མང་ཚོགས་ཀྱི་གཟིགས་ལམ་དུ་འབུལ་བར་སྤྲོ།
[/su_spoiler]
[su_spoiler title=”དང་པོ། ཁྱིམ་སྤང་རབ་བྱུང་བའི་འདུལ་ཆས་སྐོར།” style=”fancy”]
དང་པོ། ཁྱིམ་སྤང་རབ་བྱུང་བའི་འདུལ་ཆས་སྐོར།
སྤྱིར་སོ་ཐར་འདུལ་བའི་ཁྲིམས་སྤང་མཁན་ལ་བསྙེན་གནས་ཕོ་མོ་གཉིས་དང༌། དགེ་བསྙེན་ཕོ་མོ་གཉིས། གཙང་གཙུག་ཕོ་མོ་གཉིས། དྲང་སྲོང་ཕོ་མོ་གཉིས་བཅས་སོ་ཐར་རིགས་བརྒྱད་དུ གྲགས་པ་རྣམས་ཡིན་ལ། འདུལ་ཆས་ནི་ཁྱིམ་པའི་རྟགས་དོར་བའི་རབ་བྱུང་བའམ། དགེ་ཚུལ་པའི་སྤྱོད་ཆས་ཤིག་དང༌། འདུལ་བ་པ་ལ་རྣལ་མའི་ཆ་ནས། གཙང་གཙུག་དང༌། དྲང་སྲོང་གཉིས་སུ་ཡོད་ཅིང༌། ཕྱྀ་ཚུལ་འདུལ་ཆས་ལ་ན་བཟའ་གོས་དགུའམ་ཡང་ན་ན་བཟའ་པད་མོ་རིས་དྲུག་སྟེ། ན་བཟའ་གོས་དགུ་ནི་པད་གདན་དང༌། པད་ལྷམ། སྨད་ཤམས། ཆག་ནན། སྟོད་གོས། སྨད་འོག ཚུལ་གོས། པད་ཞུ་བཅས་དགུའོ།།
ན་བཟའ་གོས་དྲུག་ནི་འདུལ་གཞུང་སོགས་ནས་ཡོངས་གྲགས་ཆེ་ལ། ན་བཟའ་གོས་དགུའི་ནང་ཚན་པད་ལྷམ་དང༌། སྨད་ཤམས། སྨད་འོག སྟོད་གོས། པད་ཞུ་དང་ལྔ་ཡིན། ཚུལ་གོས་འདི་རྣམས་སྟོན་པ་གཤེན་རབས་དགུང་གྲངས་སོ་གཅིག་ཐོག་ཁྱིམ་སྤངས་རབ་ཏུ་བྱུང་ནས་བཟུང༌། ད་བར་དམངས་ཁྲོད་དུ་དར་ཁྱབ་ཆེ་མིན་ལ་མ་ལྟོས་བས་བསྟན་པ་འདི་རྩ་འགག་དུ་མ་སོང་བར་གང་ཟག་ནས་གང་ཟག་བར་རིམ་ཆགས་སུ་བརྒྱུད་ནས་གནས་བསྡད་པ་ཞིག་ལས། ཡར་དཔེ་མར་བལྟ་བྱས་བར་སྐབས་གློ་བུར་དུ་བྱུང་བ་ཞིག་མིན་པ་བོན་གཞུང་ཁག་ལ་གཟིགས་ན་ངེས་ཤེས་རྙེད་ནུས། དེ་མིན་མགོ་མཐོང་རྔ་མཐོང་ཙམ་གྱིས་རྣལ་མའི་བདེན་དོན་བསྒྲུབ་རྒྱུ་དཀའ་བར་སྣང༌།
རྨད་དུ་བྱུང་བའི་ན་བཟའ་གོས་དགུ་ནི་ཐེག་པ་རིམ་དགུ་མཚོན་པའི་ཐུན་མིན་གྱི་བླ་དྭགས་ཤིག་ངེས་ཏེ། པད་གདན་གྱིས་ཕྱྭ་གཤེན་ཐེག་པ་མཚོན། དེ་བཞིན་པད་ལྷམ་གྱིས་སྣང་གཤེན་ཐེག་པ། སྨད་ཤམས་ཀྱིས་འཁྲུལ་གཤེན་ཐེག་པ། ཆག་ནན་གྱིས་སྲིད་གཤེན་ཐེག་པ། སྟོད་གོས་ཀྱིས་དགེ་བསྙེན་ཐེག་པ། སྨད་འོག་གིས་དྲང་སྲོང་ཐེག་པ། ཚུལ་གོས་ཀྱིས་ཨ་དཀར་ཐེག་པ། སྨད་གོས་ཀྱིས་ཡེ་གཤེན་ཐེག་པ། པད་ཞུས་ཡང་རྩེ་བླ་མེད་ཀྱི་ཐེག་པ་བཅས་མཚོན་ཏེ། གཟི་བརྗིད། ག དྲང་སྲོང་ཐེག་པའི་མདོ་ལས་ ༧༥༩ ཐེག་པ་རིམ་དགུའི་ཚོགས་དང་སྦྱར། པད་གདན་པད་ལྷམ་སྨད་ཤམས་གསུམ། ཆག་ནན་རིམ་བཞིན་རྒྱུ་ཡི་བོན། སྟོད་གོས་སྨད་གོས་ཚུལ་གོས་གསུམ། སྨད་འོག་གླིང་རྣམས་འབྲས་བུ་བོན། པད་ཞུས་བླ་མེད་ཐེག་པའི་ཚུལ་ཞེས་གསུངས་པ་ལ་ཁུངས་བཅོལ་བ་ཡིན། དོན་ལ་ན་བཟའ་གོས་དགུ་འཆང་བའི་སྐྱེས་བུས་ཐེག་དགུའི་གཞུང་དོན་ལ་འཁོར་ལོ་གསུམ་གྱི་འཇུག་པའམ། ཡང་ན་ཐོས་བསམ་སྒོམ་གསུམ་གང་རུང་གིས་རང་སེམས་འདུལ་བར་བྱེད་པའི་བརྡ་རྟགས་ལ་འཇུག།
དེ་ཡང༌། ༡) པད་གདན་ནི་རབ་ཏུ་བྱུང་བའི་སྐྱེས་བུའི་ཉལ་འདུག་སྐབས་ཀྱི་གདན་དང་འདྲ་སྟེ་གདིང་བ་ཡིན་ཞིང་གླིང་བརྒྱད་དང་ལྟེ་བ་དགུ་ཚང་དགོས་ཤིང༌། ཁ་དོག་ཡང་སྔོན་པོར་ངེས་ཏེ། གདིང་བ་གཡུ་མདངས་སྔོན་པོ་ཞེས་པས་གྲུབ།
༢) པད་ལྷམ་ནི་རྒྱུ་ཆ་ཐག་ཕྱིང་དང་དར་རས་སོགས་ལས་བསྐྲུན་ཏེ་ཡུ་བ་ཐུང་ཞིང་དབྱིབས་ཡང་པད་མ་གཉིས་བརྩེགས་པ་ལྟ་བུ་བེད་སྤྱོད་གཏོང་དགོས།
༣) སྨད་ཤམས་ནི་ཡོངས་སུ་གྲགས་པའི་ཤམས་ཐབས་ཏེ་འདུལ་གཞུང་རང་ངོས་ནས་སུལ་བུ་རྩ་ལྔ་གསུངས་པ་རྣམས་རིམ་བཞིན་ཉམས་ཆག་སོང་བ་དང་ད་ཆར་ལྕགས་རི་ཙམ་ལ་སུལ་བུ་འདི་ལྡན་པའི་སྨད་ཤམས་འདི་ཉིད་ཡུལ་དུས་དང་འཚམ་པའི་དར་སྲོལ་ཞིག་ལས། འདུལ་གཞུང་རང་གི་དངོས་བསྟན་ཞིག་མིན་སྟབས་ཚུལ་དང་མཐུན་མིན་དཔྱད་དགོས།
༤)ཆག་ནན་ནི་སྔར་དུས་སུ་ཤམས་ཐབས་སྡོམ་བྱེད་སྐེད་རགས་ཀྱི་བཟོ་དང་འདྲ་ལ། སྣེ་གཅིག་ཆག་ལྕེ་དང་གཅིག་ཤོས་ལ་ཆག་འགོ་དང་ཡང་ན་ཆག་བཟུང་དགོས་པར་བཤད་ཀྱང༌། དེང་སྐབས་སྐེད་རགས་འདི་བེད་སྤྱོད་བྱས་ན་འགལ་བ་ཆེར་མེད་སྙམ།”
༥) སྟོད་གོས་ནི་སྟོད་འགག་ཅེས་པ་འདི་ཡིན་ལ། ཁ་དོག་སྔོན་པོ་དང་སེར་པོ་གང་བྱས་ཀྱང་འདུལ་གཞུང་ལ་མཐུན་ཡང༌། བོན་མི་འགྱུར་བའི་རྟགས་སུ་སྔོན་པོ་བཞག་པས་བསྙད་པ་ལས་སྔོན་པོ་འདི་ཆེས་ལེགས་པར་སེམས་ཏེ། འདུལ་གཞུང་ལས། ཐམས་ཅད་སྔོན་པོ་ཅང་མི་བྱ། དམར་སེར་དེ་དག་མཐའ་གཅིག་ཏུ་བཀག་མི་རུང་ཞེས་པས་འདུལ་ཆས་ཐམས་ཅད་སྔོན་པོ་ཁོ་ནར་མི་བྱ་ལ། དམར་སེར་དེ་དག་མཐའ་གཅིག་ཏུ་བཀག་ན་མི་འོས་པར་སྔོ་ཤས་ཆེ་བ་དགོས་པར་སྣང༌། སྟོད་འགག་ལ་སུལ་བུ་རྩ་ལྔ་ནི་གཙང་ཁྲིམས་ཉེར་ལྔ་མཚོན་པའི་བརྡ་རྟགས་ཡིན་ལ། གཙང་ཁྲིམས་ཉེར་ལྔ་རང་རྒྱུད་ལ་འཕོས་པའི་སྐྱེས་བུའི་མནབ་ཆས་ཤིག་ལས། དགེ་བསྙེན་དང༌། བསྙེན་གནས་པ་དག་གི་གྱོན་ན་མི་འོས་སྙམ། འོན་ཀྱང་དགེ་བསྙེན་པ་ལ་གནང་བའི་གོས་ནི་སྟོད་གོས་ཙམ་དང༌། སྨད་མས་སྨད་གོས་ཞེས་ན་བཟའ་གོས་གསུམ་གསུང་ཡང་སྟོད་གོས་གོང་དང་མི་མཚུངས་སོ།
༦) ཚུལ་གོས་ཞེས་པ་ནི་འདུལ་བ་རྒྱུད་དྲུག་དང༌། རྗེ་ཡི་འདུལ་འགྲེལ་སོགས་ནས་ཐ་སྙད་དངོས་གསལ་མེད་རུང༌། གཟི་བརྗིད་དྲང་སྲོང་ཐེག་པའི་མདོ་ནས་གསུངས་པ་བཞིན། སུལ་བུ་ཉེར་ལྔ་དང༌། ལྕགས་རི་མུ་འཁྱུད་ཅན་ལ་གླིང་བཞི་གྲུ་བཞི་ཚུལ་དུ་གྲུབ་པ། གཡས་པ་མཆན་ཁུང་འོག་ནས་གཏོང་ཞིང་གཡོན་པ་ཕྲག་པ་ལ་གཟར་བས་འདུལ་བའི་སྨད་གོས་ལྟ་བུ་ཞིག་ངེས།
༧) སྨད་འོག་ནི་གླིང་རྣམ་ཉེར་ལྔ་དགོས་ཚུལ་གཟི་བརྗིད་དང་རྗེ་ཡི་འདུལ་འགྲེལ། འདུལ་བ་རྒྱུད་དྲུག་བཅས་ན་རྩོད་མེད་གཅིག་མཚུངས་སུ་བསྟན་ཡང༌། རྗེ་ཡི་འདུལ་འགྲེལ་ལས་སྨད་འོག་གི་ཁེངས་ཚད་དང༌། བབས་ཚད། ཀ་བ། ཚལ་བུ། ལྕགས་རི་རྣམས་སྨད་གོས་དང་ཚད་དབྱིབས་མཉམ་པར་བཞེད་ཅིང༌། ཆོ་ག་སོགས་ལ་ཁྱད་ཕྱེས་དགོས་གསུངས། གཟི་བརྗིད་ནས་སྨད་འོག་ལ་གླིང་རྣམ་ཉེར་ལྔ་དང་འཚོ་བ་བྱིན་ལེན་མུ་ཁྱུད་མེད་པར་དགེ་བསྙེན་དང་དགེ་ཚུལ་གྱི་ཆས་གོས་ཙམ་དུ་གསུངས།
༨) སྨད་གོས་ནི་གླིང་རྣམ་བརྒྱ་དང་བརྒྱད་ཅེས་པ་དགྲ་བཅོམ་པ་བརྒྱ་དང་བརྒྱད་མཚོན་ཞིང༌། འདུལ་ཁྲིམས་ཀྱི་བོན་སྒོ་འཆད་པ་དང་རྩོད་པ། རྩོམ་པ་བྱེད་སྐབས་ལུས་ལ་གསོལ་བས། གཟི་བརྗིད་ནང་སྨད་འོག་དང་སྨད་གོས་བར་ཆགས་ཚ་སྐོར་ལ་ཁྱད་ཕྱེས་ལ། རྗེ་ཡི་འདུལ་འགྲེལ་ནས་ཆགས་ཚད་ལ་ཁྱད་མེད་པ་ནན་བཀར་བྱས་ནས་གསུངས་པ་རྣམས་དགོངས་པ་དགོངས་གཞི་གཅིག་པ་ཡིན་མིན་དཔྱད་བྱར་སྣང༌།
༩) པད་ཞུ་ནི་རྗེ་ཡི་འདུལ་འགྲེལ་དང་གཟི་བརྗིད་འདུལ་བ་རྒྱུད་དྲུག་རྣམས་ནས་སུལ་བུ་ཉེར་ལྔ་ཅན་ལ་གཙུག་ཏུ་ཀླད་བུག་དོད་པ། ཕྱི་རིམ་ནང་པད་འདབ་བཞིའམ་བརྒྱད་ཀྱིས་བསྐོར་བ། ཧ་ཅང་ཆེ་མིན་ཆུང་མིན་རང་རང་གི་མགོ་ལ་རན་ཞིང་འཚམ་པའི་རྒྱུ་བལ་སྣམ་ལ་ཕྱི་གཡོག་མཐིང་སྔོན་བྱས་པས་རིགས་ལྔ་ལྷ་སྐུ་མཚོན་པའི་བརྡ་དང༌། སོ་ཐར་ཀྱི་ཁྲིམས་ཆེན་མ་རྫོགས་པར་དབུ་ལ་གསོལ་མི་འོས། དཔར་རྨད་དུ་བྱུང་བའི་ཞྭ་མཆོག་ཐུན་མིན་ཞིག་གོ། འོན་ཀྱང་པད་འདབ་བཞི་དང་བརྒྱད་ནི་རྒྱས་བསྡུས་ཀྱི་ཁྱད་ལས་འདུལ་ཁྲིམས་མཐོ་དམན་ལ་ལྟོས་ནས་ཕྱེས་པ་ཞིག་མིན་པར་མངོན།
དེས་ན་དཔའ་བོའི་དཔའ་རྟགས་འཆང་བ་བཞིན། གཤེན་གྱི་འདུལ་ཁྲིམས་པས་ན་བཟའ་གོས་དགུའམ་ན་བཟའ་གོས་དྲུག་གཉིས་པོ་གང་རུང་ཞིག་རང་ལུས་ལ་ངེས་ཅན་དུ་འཆང་བས་བསོད་ནམས་བསམ་གྱིས་མི་ཁྱབ་ལ། སྟོན་ཁྲི་གཙུག་རྒྱལ་བའི་རྗེས་སྙེགས་ཀྱི་གྲལ་དུ་ཚུད་ཅིང༌། བོན་གཞུང་གཤའ་མའི་སྲོལ་རྙིང་རྣམས་ལག་ཏུ་བླངས་པ་ཡིན་པས་དགེ་མཚན་ཆེ་སྣང༌། འོན་ཀྱང་གཞན་སྡེའི་འདུལ་བ་ལས། ཞྭ་དང༌། སྟོད་འགག ལྷམ་སོགས་ཀྱི་འབྲུ་བཤད་མེད་པས། ཁྱིམ་ནས་
རབ་ཏུ་བྱུང་བའི་འདུལ་ཆས་འདི་རྣམས་ཀྱི་ཆུ་འགོ་གང་ལ་ཐུག་མིན་བན་བོན་གཉིས་ཀྱི་འདུལ་གཞུང་དང༌། འདུལ་ཆས་དང་འདུལ་ཁྲིམས་སྲོལ་འབྱེད་པའི་སྟོན་པ་གཤེན་རབ་དང་ཤཱཀྱ་ཐུབ་པ་གཉིས་ཀྱིས་གསོལ་བའི་འདུལ་ཆས་ལ་བརྟགས་ནས་ཁུངས་སྟོན་པ་ལས། དེ་མིན་ངལ་བ་ཇི་ཙམ་བསྲིངས་ཀྱང་རྣལ་མའི་ལོ་རྒྱུས་ཡང་དག་ཞིག་མི་ཡོང༌།
[/su_spoiler]
[su_spoiler title=”གཉིས་པ། ཁྱིམ་སྤང་རབ་བྱུང་བའི་འཚག་རྫས་སྐོར།” style=”fancy”]
གཉིས་པ། ཁྱིམ་སྤང་རབ་བྱུང་བའི་འཚག་རྫས་སྐོར།
ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་གང་ཟག་གིས་འཚག་རྒྱུ་རྫས་ལ་རྒྱས་པ་གཙང་རྫས་སྡེ་བཅུ་ནི། གཞི་བསྐུར་རམ་ལྷུང་བཟེད་དང༌། ཧོས་རུའམ་འཁར་སིལ། པད་ཆས་དང་ཁུག་སྔོན་པོ། ཚེམས་ཁབ་དབལ་མོ་སོ་ལེབ། ཁྲུས་བུམ། ལྕགས་ཀྱི་སྤུ་གྲི། བཀའ་རྒྱུད་གླེགས་བམ། སྒྲ་སྙན་ཐེབ་ཙེ། པད་ཟངས་ཚད་སྣོད། དྲི་ཞིམ་སྨན་སྡེང་དང་བཅུའོ། རིན་ཆེན་རྫས་ལྔ་ནི་ཧོར་རུུ་ཁྲུས་བུམ། སྤུ་གྲི། ཚེམས་ཁབ། གཞི་བསྐུར་བཅས་ཡིན༌། ཧོར་རུ་ནི་བོན་གྱི་ཕྱག་ཆ་དང༌། སྤྱིར་ཧོར་ཞེས་པ་ནི་བོན་གྱི་གསང་མཚན་ཏེ། སྟག་གཟིག་བོན་གྱི་སྐད་ལ་ཧོར་དང༌། ཞང་ཞུང་སྨར་གྱི་སྐད་ལ་ཀྱེར། སྤུ་རྒྱལ་བོད་ཀྱི་སྐད་དུ་བོན་ཞེས་སྒྲ་འགྱུར་བ་ཡིན། ཧོས་སྒོ་ཞེས་པ་བོན་སྒོ་དང༌། ཧོར་ཡུལ་ཞེས་པ་བོན་ཡུལ། ཧོར་རྒྱལ་ནི་བོན་རྒྱལ་ཏེ་ཧོས་རྒྱལ་དང་བ་ཡི་རིང་ཞེས་པའོ། གཞན་ཡང་སྟོན་པའི་ཕྱག་ཆ་ལ། ཧོར་གུར་ཧོར་ཆ། པད་ཕོར། པད་སྟོན་སོགས་ཆེས་མང༌། སྐབས་འདིའི་འཆད་བྱ་ཧོར་རུ་ནི་སྟོན་པའི་ཕྱག་ཆ་གསེར་ཟངས་ལྕགས་དངུལ་སོགས་རིན་པོ་ཆེ་ལས་གྲུབ་པའི་ཕྱག་འཁར་ལྟ་བུ། དབྱིབས་ནི་མཆོད་རྟེན་གོང་འོག་གཉིས་དང༌། དེའི་འོག་ཏུ་བུམ་ལ། དེའི་གཤམ་དུ་པད་འདབ་བཞི་རྭ་བཞི། མིག་བཅུ་གཉིས་དང་ལྕགས་ཀྱུ་དང་ལྡན་པ་ཞིག་བསྐྲུན་ལ། བསོད་སྙོམས་སྐབས་སུ་ཧོར་རུ་བཟུང་བའི་རྟགས་ལ་བརྟེན་ནས། ཁྱིམ་པ་རྣམས་ཀྱིས་ཁྱད་པར་ཅན་གྱི་རབ་བྱུང་ལ་གོ་བར་བྱེད་ཅིང་བར་གྱི་ཤིང་ལ་ཁྲུ་གཅིག སྟོད་སྨད་གཉིས་ཀྱི་ལྕགས་ལ་ཁྲུ་རེ་བྱས་པའི་རིང་ཐུང་ཁྲུ་གསུམ་ལྡན་པ་ཞིག་དགོས།
གཞི་བསྐུར་རམ་ལྷུང་བཟེད་དོན་གཅིག་ཅིང༌། རྨད་དུ་བྱུང་བའི་འདུལ་བ་པའི་བཞེས་ཕོར་ཡིན། རྒྱུ་ནི་བཟང་ཤས་ཆེ་བའི་གསེར་དངུལ་སོགས་ལ་མི་འོས་པར་ལྕགས་དང་ས་རིགས་ལས་བསྐྲུན་དགོས་པ་མ་ཟད། ཁ་དོག་སྐྱ་བོ་དང་དཀར་པོ། ཁྲ་བོ་མིན་པར་བྱ་ཕོ་རོག་གི་མིག་བཞིན་ནག་པོ་རྐྱང་བར་ངེས། ཆེ་ཆུང་ཡང༌། རབ་ལ་བྲེ་གསུམ་ཤོང་བའི་ཚད་དང༌། འབྲིང་ལ་བྲེ་གཉིས། ཐ་མ་ལ་བྲེ་ཕྱེད་གཉིས་ཤོང་བ་སོགས་མདོར་ན་རང་ཉིད་ཀྱི་ལྟོ་བའི་ཚད་དང་རན་པར་སྦྱར་ན་འོས་པ་ཡིན་གསུངས།
གཞན་ཡང་རབ་ཏུ་བྱུང་བའི་གང་ཟག་རྣམས་ཀྱི་མཁོ་བའི་ཡོ་བྱད་ལ་ཚེམས་ཁབ་དང༌། སྤུ་གྲི་གཉིས་ནི་དགེ་ཕྱོགས་དང་འབྲེལ་བའི་ན་བཟའ། བཙེམ་གྲུབ་སོགས་ཀྱི་ཆེད་དུ་ཡིན་ལ། གླེགས་བམ་ནི་སྐབས་འཕྲི་སྦྱང་བྱ་དང་ཁ་འདོན་གྱི་དཔེ་ཆ། འདུལ་བའི་གསོ་སྦྱོང་སོགས་ལ་གོ་དགོས་སྙམ། སྔགས་ཀྱི་གྲངས་འཛིན་ཕྲེང་བ་ཞེས་པའི་གོ་དོན་ནི་མ་དག་འཁོར་བའི་ཕྱོགས་སུ་མི་འཁྲེང་ཞིང༌། ཡང་དག་ཐར་བ་དང་ཐར་བའི་ཕྱོགས་སུ་བློ་སྣ་འཁྲིད་ཐབས་བྱེད་པའི་རྫས་སོ།།
ཡང་ན་རྣམ་དཀར་དགེ་བའི་ཕྱོགས་སུ་བློ་སེམས་འཁྲེང་བར་བྱས་པས་ན་ཕྲེང་བ་ཞེས་སྒྲ་བཤད་འཇུག་སྟེ། རྗེ་ཡི་འདུལ་འགྲེལ་ལས་ལོག་པའི་ཕྱོགས་སུ་མི་འཁྲེང་ཞིང༌། ཡང་དག་དོན་ལ་འཁྲེང་བ་ཡི་ཞེས་གསུངས། འོ་ན་ཕྲེང་བའི་གྲངས་ཚད་ནི་ཞི་རྒྱས་དབང་དྲག་ལ་ལྟོས་པའི་གྲངས་ཚད་ཅི་རིགས་སུ་བཤད་ཀྱང༌། བོན་གཞུང་ཁུངས་མ་རྣམས་ནས་ཕྲེང་ཐོག་དགེ་སྦྱོར་བའི་ཕྲེང་བའི་གྲངས་ནི་བརྒྱ་དང་བརྒྱད་དགོས་པ་སོགས་ཕྲེང་བའི་སྐོར་ཞིབ་ཕྲ་བོན་སྒོ་ཨ་བཅུ་བ་ནས་གསལ་བས་དེར་གཟིགས་པར་འཚལ།
[/su_spoiler]
[su_spoiler title=”གསུམ་པ། གོས་མཐིང་ལྕང་ལོ་ཅན་གྱི་སྔགས་ཆས་སྐོར།” style=”fancy”]
གསུམ་པ། གོས་མཐིང་ལྕང་ལོ་ཅན་གྱི་སྔགས་ཆས་སྐོར།
སྤྱིར་དམ་ཚིག་ས་མ་ཡ་འབུམ་སྟེ་འཆང་བའི་གསང་སྔགས་རྣལ་འབྱོར་བའི་ཆས་གོས་ལ་སྔགས་གཞུང་སོ་སོའི་བབས་དང་ དགོས་དབང་ལ་བསྟུན་པའི་སྔགས་ཆས་དུ་མ་ཞིག་མཆིས་ནའང་སྔགས་གཞུང་ཕལ་ཆེར་གྱི་ཁོག་དབུབ་མཐུན་པར་སྔགས་པའི་ཆས་གོས་དགུ་དང་དུར་ཁྲོད་ཆས་བརྒྱད། རྣལ་འབྱོར་བའི་བྱ་ཆ་སྣ་བདུན་རུས་པའི་རྒྱན་དྲུག་སོགས་ཡིན། ཐོག་མར་ཞྭ་དཀར་གཡུང་དྲུང་བོན་ཞེས་པའི་ཞྭ་ཡི་སྐོར་ཟུར་ཙམ་བརྗོད་ན། ཞྭ་དཀར་ཞེས་པའི་ཞྭ་ནི་དཀར་པོ་རྩེ་རྒྱལ་དང༌། ཞྭ་ཁྱུང་ལྡིང་མ་གཉིས་ལ་གོ་ཞིང་སྔགས་ཞྭ་འདི་ནི་བརྡ་དོན་རྟགས་གསུམ་ཚང་པའི་ལུང་ཟིན་གྱི་ཞྭ་མཆོག་ཅིག་ཡིན་སྟབས། དང་པོ་བྱུང་བའི་ཁུངས་ནི་སྟོན་པ་གཤེན་རབ་ཀྱིས་རྒྱུ་ཡི་བོན་བཞིར་སྤྱོད་སྐབས། བཀའ་རྟགས་ཀྱི་ཞྭ་འདི་བསྟན་པ་བཞག་ནས་བྱིན་གྱིས་རླབས། དེ་རྗེས་བོད་དུ་རྒྱལ་གཤེན་བསྟན་པ་ཉམས་ཆག་དུས་སུ། ནམ་མཁའ་སྣང་བ་མདོག་ཅན་གྱིས་བོན་གཤེན་ཡོངས་ལ་ཞྭ་ཁྲལ་བཀལ་བས། མདོག་ཞྭ་སྣང་སྲིད་རྒྱན་རྫོགས་ཞེས་གྲགས། ལོ་ངམ་རྟ་རྫིས་བོད་རྒྱལ་གྲི་གུམ་སྲོག་དབང་བཀུམ་ནས་བོན་གཤེན་རྣམས་ཀྱི་ཞྭ་འདི་གསོལ་ཏེ་གྲི་འདུར་བཅས་པས། ཞྭ་མཆོག་འདྲོགས་པ་དབང་བསྡུས་ཞེས་མཚན་གསོལ། རྔམ་པ་ལྕེ་རིང་གིས་ཞྭ་འདི་གསོལ་ནས་མཁས་པའི་སྒྲ་ཚད་རྩོད་སྐབས། མཁས་ཞྭ་དཀར་པོ་རྩེ་རྒྱལ་ཞེས་ཟེར། ཞང་རྒྱལ་བཅོ་བརྒྱད་པ་ལིག་མི་སྐྱ་ཡི་སྐུ་གཤེན་སྣང་བཞེད་ལེ་པོས་མུ་མར་གསེར་ཛེ་སྒྲུབ་སྐབས། དབལ་ཞྭ་འབར་བ་རྩེ་གསུམ་ཞེས་ཟེར། སུམ་པ་མུ་སྤྱོད་ཀྱིས་བོན་ཆོས་གཉིས་གྲུབ་རྟགས་རྩལ་འགྲན་སྐབས་ཞྭ་འདི་གསོལ་བས་མཐུ་ཞྭ་སྲིད་གསུམ་ཟིལ་གནོན་ཞེས་འབོད།
མདོར་ན་གཤེན་གྱི་བསྟན་པའི་ཕྱོགས་ནས་ཆོས་ཀྱི་མཛད་རིམ་ཆེ་ཁག་རྣམས་ལ་ཞྭ་འདི་གསོལ་བས། ལྷ་འདྲེ་བདུད་སྲིན་དང༌། གྲུབ་མཐའ་གཞན་གྱི་མི་ཚུགས་པར་གཡུལ་ལས་རྒྱལ་བའི་བརྡ་དོན་ཚང་བའི་ཞྭ་ཞིག་ཏུ་ངེས། འོ་ན། ཞྭ་དཀར་ཇི་ལྟར་ཚེམས་གྲུབ་དགོས་ཞེ་ན། རྒྱུ་ཆ་སྣམ་ཕྱིང་སོགས་ལས་བྱས་པའི་ཕྱི་གཡོག་དར་རས་དཀར་པོ་ལ་ཁུགས་བུག་སྟོང་བའི་རྩེ་ལ་ཁ་དོག་རྣམ་ལྔའི་རྒྱལ་མཚན་བཙུགས་ཤིང༌། གཡས་གཡོན་གཉིས་ལ་ཁྱུང་གཤོག་བརྐྱངས་པ་འདྲ་བའི་དཔྲལ་བར་ནོར་བུ་རྩེ་གསུམ་ལྡན་པ་ཞིག་ལ་ཞྭ་ཁྱུང་ལྡིང་མ་ཟེར། འོན་ཀྱང་འགའ་ཞིག་གིས་གཤེན་གྱི་བསྟན་པ་ལ་ཞྭ་དཀར་གཡུང་དྲུང་བོན་ཞེས་འབོད་པ་ནི་ཕྱིས་སུ་བོད་རྒྱལ་བརྒྱད་པ་གྲི་གུམ་ཡས་མས་ལ་ཐ་སྙད་གསར་དུ་བཏགས་ནས་རྒྱ་ཁྱབ་སོང་བ་དང༌། ཞྭ་དཀར་དེ་ཡང་སྐབས་དེ་དུས་དར་འགོ་ཚུགས་ཟེར་བ་ནི། གཞུང་ལུགས་མཐོང་རྒྱ་ཆུང་ཞིང་དཔྱད་པའི་གྲུབ་ཆ་འཇོག་སྔ་བའི་བཟོ་འདྲར་མངོན། གང་ལ་ཞེ་ན། ཞྭ་དཀར་ཞེས་པའི་ཞྭ་ནི་གོང་ཞུས་ལྟར་དཀར་པོ་རྩེ་རྒྱལ་དང་ཁྱུང་ལྡིང་མ་སོགས་ལ་གོ་ཞིང༌། དེ་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་མ་བྱོན་གོང་ལ་བོན་གཤེན་རྣམས་ཀྱིས་མནབས་སྲོལ་ཡོད་པའི་ཞྭ་ཞིག་ཡིན་ཏེ། དྲན་པའི་མཛད་པའི་ཞྭ་བཤད་པའི་ཝང་༼དྲུག་འགྱུར་༽ལས་སྔོན་ཚེ་སྟོན་པ་གཤེན་རབ་ཀྱིས་རྒྱུ་ཡི་བོན་བཞི་སྤྱོད་པ་ལ་བཀའ་རྟགས་ཞྭ་འདི་བསྟན་པ་བཞག ཞྭ་ལ་ཐུགས་རྗེའི་བྱིན་གྱིས་རླབས། ཞྭ་དཀར་གོང་འོད་འབར་བ་གྲགས་ཞེས་པས་ཞྭ་དཀར་འདི་ཡི་བྱུང་ཁུངས་སྟོན་པ་གཤེན་རབ་ལ་ཐུག་པར་སེམས། དེ་ནས་རིམ་བཞིན་སྟག་གཟིག་གི་གཤེན་པོ་རྣམས་ཀྱིས་གྱོན། དེ་རྗེས་ཞང་ཞུང་གི་གཤེན་པོ་དང་མཐར་བོད་ཀྱི་གཤེན་པོ་རྣམས་ལ་བརྒྱུད་ནས་དར་ཚུལ་སྐོར། ཁོ་བའི་རྨོངས་འཆར་ལ་ལྟོས་མ་དགོས་པར་ཞྭ་བཤད་པའི་ཝང་དྲུག་འགྱུར་ནང་གསལ་བས་དེར་གཟིགས་པར་འཚལ། ད་དུང་སྔགས་ཞྭ་ལ་སྟག་ཞུ་དང༌། གཤེན་ཞུ་སོགས་དུ་མར་སྣང༌།
སྔགས་པའི་ཆས་གོས་དགུ་ནི། པྲ་ཕུད་དང༌། གར་རྨོག པྲོག་ཞུ། གཡང་གཞི། དཔྱང་བུ། སྟགས་ཤམས། གཙང་ལྷམ། སྦྲུལ་གྱི་སྐུ་ཆིངས། ཕྱག་གདུབ་ཞབས་གདུབ་བཅས་ཡིན། དེ་ཡང་པྲ་ཕུད་དང༌། གར་རྨོག་པྲོག་ཞུ་དག་ནི་དབུ་ཞྭ་དང༌། དབུ་ཡི་རྒྱན་སྤྲས་བཅས་ལ་གོ་ཞིང་སྐབས་འགར་ཕྱག་ཆ་རྡོ་རྗེ་ལའང་པྲ་ཕུད་ཅེས་བཤད། འདིར་པྲོག་ཞུ་རིགས་ལྔའི་རྒྱན་སྤྲས་ལ་གོ་བར་སྣང༌།”གཡང་གཞི་ནི་སེམས་ཅན་གྱི་མགོ་ལུས་ཆ་ཚང་ལྡན་པའི་པགས་པ་སྟེ། མི་ལྤགས་ཀྱི་གཡང་གཞི། སྟག་གི་གཡང་གཞི་སོགས་ཡོད། གཞན་རྣམས་དམིགས་བཀར་རྒྱས་སྤྲོས་མ་དགོས་པར་གོ་སླ་བར་སྣང༌། ” དུར་ཁྲོད་ཀྱི་ཆས་བརྒྱད་ནི། མི་ལྤགས་ཀྱི་གཡང་གཞི། སྟག་གི་ཤམས་ཐབས། སྦྲུལ་གྱི་སྐེ་རགས། ཐོད་རློན་གྱི་དོ་ཤལ། ཐོད་སྐམ་གྱི་དབུ་རྒྱན། ཞག་གི་ཟོ་རིས། ཁྲག་གི་ཐིག་ལེ། ཐལ་ཆེན་གྱི་ཚོམ་བུ་བཅས་ཡིན། སྟག་ཤམས་ནི་གཅན་གཟན་སྟག་གི་པགས་པར་བྱས་པའི་སྨད་ཤམས་དང༌། སྦྲུལ་གྱི་སྐེ་རགས་ཀྱང་སྦྲུལ་གསོན་པོས་སྟག་ཤམས་སྡོམ་བྱེད་ཀྱི་སྐེ་རགས་བྱས་པའམ་ཡང་ན་སྦྲུལ་གྱི་གཟུགས་རིས་ལྡན་པའི་སྐེ་རགས་ལ་གོ་བ་བླངས་ན་འགྲིག་སྙམ། འོན་ཀྱང་བརྟག་གོ །
ཐོད་རློན་གྱི་དོ་ཤལ་ནི་མི་ཐོད་རློན་པ་སྐུད་པར་བརྒྱུས་ནས་མགུལ་རྒྱན་དུ་བྱས་པ་ལྟ་བུ་དང་ཐོད་སྐམ་གྱི་དབུ་རྒྱན་ཡང་མི་ཐོད་སྐམ་པོ་རིགས་ལྔའི་བཟོ་དྲ་བ་དབུ་ལ་བརྒྱན་པ་ཞིག་ཡིན། དཔེར་ན་དབལ་གསས་ཀྱི་འབག་མགོ་ལ་བརྒྱན་པའི་ཀེང་མགོ་ལྟ་བུ་སྣང༌། “ཐལ་ཆེན་གྱི་ཚོམ་བུ་ནི་མི་ཡི་སྐུ་པུར་བསྲེགས་པའི་ཐལ་ལ་དེ་སྔགས་ཀྱི་རྣལ་འབྱོར་བའི་ལུས་ལ་ཚོམ་བུ་ཚོམ་བུར་བྱས་ནས་བྱུགས་པའམ་ཡང་ན། དཔྲལ་བར་དང༌། མཁུར་ཚོས་གཡས་གཡོན། ཤང་མགོ་བཅས་ལ་ཚོམ་བུ་ལྔ་ཚོ་རེ་བྱས་ནས་བྱུག་པ་ལ་ཐལ་ཆེན་གྱི་ཚོམ་བུ་ཞེས་བཞད། “ ཞག་གི་ཟོ་རིས་ནི་མི་དང་སེམས་ཅན་གཞན་གྱི་ལུས་ཞག་གམ་གཟུགས་པོའི་སྣུམ་ཞག་གིས་རང་གི་སྨིན་མཚམས་སུ་ཟེ་བ་རྩེ་གསུམ་བྲིས་པ་ལ་གོ། ཁྲག་གི་ཐིག་ལེ་མཚན་ཁྲག་ལ་སོགས་སྨིན་མཚམས་དང་ལུས་ཀྱི་གནས་གཞན་རྣམས་སུ་གོར་ཐིག་བྱས་ནས་བརྒྱན་པ་ལྟ་བུ་སེམས་རུང་དཔྱད་པ་རྫོགས་པའི་གཏམ་མིན་སྟབས། ད་དུང་ཇི་ལྟར་འགྲེལ་དགོས་མིན་དཔྱད་དགོས། རྣལ་འབྱོར་བའི་བྱ་ཆ་སྣ་བདུན་ནི། སྟག་གདན་དང་སྒོམ་ཐག་རྔུལ་གཟན། ཨང་གྷ་ར། ཌལ་སིལ། ཐོད་ཞལ། སྦ་འཁར་དང་བཅས་ཡིན། སྟག་གདན་ནི་རྣལ་འབྱོར་བས་ཚོགས་ཀྱི་འཁོར་ལོ་བསྐོར་བ་དང༌། སློབ་མ་སྨིན་ཕྱིར་གསང་སྔགས་ཀྱི་དབང་གཞི་བསྐུར་བའི་ཚེ་སྟག་གི་པགས་པ་མགོ་དང༌། ཡན་ལག་མ་ཉམས་པར་ཁ་སྦུབ་ཀྱི་ཚུལ་དུ། གདན་དུ་བཏིང་བས་ཞེ་སྡང་རྩད་ནས་གཅོད་པའི་བརྡ་ཡིན། ” སྒོམ་ཐག་ཀྱང༌། སྒོམ་ཆེན་ཙོག་པུ་བ་དང༌། རྩ་རླུང་པ་རྣམས་ཀྱིས་འཆང་བར་ངེས་པ་འདུག་པའི་དུས་སུ་ལུས་གནད་བཅུན་ཅིང༌། འགྲོ་བའི་སྐབས་སེར་རལ་ཁ་ཡི་ཚུལ་དུ་བསྐྱིས་ཏེ་རིང་ཐུང་ནི་རང་གི་མགོར་ཆིགས་པར་མ་ཚད་ལག་གཉིས་བསྣོལ་མར་བཟུང་རྗེས་མཚང་གཞུག་ནས་ལྡོག་ཙམ་ཐོན་པ་ཞིག་དགོས། རྔུལ་གཟན་ནི་ལ་ལས་དངུལ་གཟན་ཞེས་བྲིས་ལ། དེ་ནི་འདུལ་བ་ནས་གསུང་པའི་རྔུལ་གཟན་དཔུང་ཆད་ལ་མི་སེམས་པར་རྩ་རླུང་འཁྲུལ་འཁོར་སྐབས་ཀྱི་བདེ་དྲོད་འབར་བའི་གཏུམ་མོའི་གོས་ཏེ། འཁོར་བའི་སྐྱོན་དང་བྲལ་བའི་བརྡ་རུ་ཁ་དོག་དཀར་པོ་དང་ཐུར་དུ་ཁྲུ་གསུམ། འཕྲེད་དུ་ཁྲུ་དགུ་ཙམ་མངོན། ཨང་གྷ་ར་བའི་རྣལ་འབྱོར་བའི་རྩ་རླུང་འཁྲུལ་འཁོར་སྐབས་སུ་ལུས་སྨད་ལ་གྱོན་ཞིང༌། དར་མཐིང་སོགས་ཀྱིས་ཕུར་ཤམས་བརྒྱན་པ་དང༌། བར་ཆི་གཉིས་ལྟེབ་ལ་མཐོ་གང་བྱས་པུས་མོ་ཡར་ཙམ་ལས་མར་མི་རིང་བར་འཁྲུལ་འཁོར་དུས་སུ་གྱོན་ལ། དེ་མིན་ཨང་རག་མི་ལ་མི་སྟོན་པ་གསང་དམ་ཡིན། ཌལ་སིལ་ནི་ཌ་མ་རུ་དང་སིལ་སྙན་ལ་གོ་སྟེ། ཌ་མ་རུ་ནི་རྒྱུ་ཆ་ཙན་དན་དཀར་དམར་དང་སེང་ལྡིང༌། མི་ཐོད་སོགས་ལ་བྱས་ན་རབ། དེ་མིན་རང་གི་འབྱོར་ཚོད་དང་བསྟུན་ནས་འཐད་པ་བཤད། སིལ་སྙན་དང༌། གཤངས། ཁྲི་ལོ། ཕོ་ལོ་རྣམས་མིང་གི་རྣམ་གྲངས་ཡིན་ཞིང་སིལ་སྙན་ཞེས་པ་སིལ་ནི་འཁོར་བའི་ཚ་གདུང་སེལ་བ་དང༌། སྙན་ནི་བསླབ་གསུམ་སོགས་ཀྱི་སྙན་སྒྲ་སྒྲོགས་པའི་དོན་ལ་འཇུག རྒྱུ་ཡི་གྲུབ་ཚུལ་ནི་ལི་དང་གསེར་བསྲེས་པ་ལ་ཕོ་སྐད་སྦོམ་པོ་འབྱུང་ཞིང༌། ལི་དང་དངུལ་བསྲེས་པ་ལ་མོ་སྐད་ཕྲ་མོ་འབྱུང་ལ། གཤང་ལྕེ་ཁར་གཡུག་པས་རྐྱེན་ངན་བར་ཆད་བཟློག་ལ་ཚུར་དཀྲོལ་བས་སྒྲུབ་གཤེན་ཡོན་བདག་རྣམས་ཀྱིས་ཁ་རྗེ་དབང་ཐང་ཚུར་བླངས་པའི་བརྡ་རུ་མཚོན། ཐོད་ཞལ་ནི་སྨན་རག་གཤོག་སྣོད་ཀྱི་མི་ཐོད་ཡིན་ཞིང་དེ་ལ་མཆོག་དམན་དང༌། སྲུབ་ཀ་ཡོད་མེད། སྲུབ་ཀ་རྒྱུགས་སྟངས་སོགས་ཀྱིས་སྒྲུབ་གཤེན་པའི་དངོས་གྲུབ་ལ་དལ་མགྱོགས་ཀྱི་བཤད་པ་ཆེས་མང༌། ”
སྦ་འཁར་ནི་སྦ་དབྱུག་ལས་གྲུབ་པའི་རྣལ་འབྱོར་བའི་ཕྱག་ཆ་སྟེ། སྦ་ཚིགས་གསུམ་ལྡན་ཞིག་ལ་མར་སྣེ་ལྕགས་ཀྱིས་ཤན་པ་དང༌། ཡར་སྣེར་ཟངས་ཀྱིས་དཀྲིས་པ། དེ་ལ་ལྕགས་ཀྱི་ཨ་ལུང་བཀལ་ཏེ། དར་ཚོན་རྣམ་ལྔས་བརྒྱན་པ་ཞིག་མངོན། དེ་དག་གི་དགོས་པ་ནི། སྦ་ཚིགས་གསུམ་དང་ལྡན་པ་ནི་ཚད་གསུམ་ཟུང་དུ་འབྲེལ་བའི་བརྡ་དང་དེ་བཞིན་ཡར་སྣེར་ཟངས་དཀྲིས་བྱས་པའང་སེམས་ཀྱི་དམར་ཐག་བཅད་པ་ཡིན། ལྕགས་ཀྱི་ཨ་ལུང་བཀལ་བ་ནི་སློབ་ཚོགས་བུ་སློབ་གཅེས་པའི་བརྡ། དར་ཚོན་རྣམ་ལྔས་བརྒྱན་པ་ནི་ཐེག་ཆེན་བསྟན་པ་རྒྱས་པའི་རྟགས་བཅས་ཡིན། གཞན་ཡང་སྔགས་གོས་ནི་ཁ་དོག་མཐིང་ནག་ལ་ཕུ་ཐུང་ཐུར་དུ་དཔྱང་བའི་མཐའ་ཤན་སྟག་གཟིག་གི་པགས་རིས་ཁྲུ་གང་བ་ཙམ་དང༌། རང་ལུས་ལ་གྱོན་ཚེ་པུས་མོའི་ཐད་ཀར་སླེབས་པ་ཙམ་མ་གཏོགས་ཧ་ཅང་རིང་བ་དང་ཐུང་ན་མི་འོས། སྔགས་གཟན་ནི་ཁ་དོག་དཀར་པོའམ་མདོག་གང་ཡང་རུང་བ་ཆོག་སྟེ། གྲུ་བཞི་འདོམ་དོ་ལ་ལྕགས་རི་མཐོ་གང་དང་སོར་བཞི་བྱས་ལ། སྲམ་མམ་གཅན་གཟན་གྱི་ཁ་ཐོ་ཁྲུ་གང་དང་སོར་བཞི་བྱས་པར་བཤད། འོན་ཀྱང་མར་གྱི་རིང་ཐུང་དང་འཕྲེད་ཀྱི་རིང་ཐུང་སྐོར་ལ་དམིགས་བསལ་མ་བཤད་པར་གྲུ་བཞི་འདོམ་དོ་ཞེས་པ་ཇི་ལྟར་འགྲེལ་དགོས་མིན་དཔྱད་པར་སྣང༌། དེ་དག་གི་དེ་ཁོངས་སུ་མ་གཏོགས་པའི་དབང་གོས་དང༌། དབང་བོར། བོར་ན། སྲུང་འཁོར། ལྕགས་ཆ། ཐུབ་ར། ཐོད་ཕྲེང༌། གཡབ་དར་སོགས་ཡོད། འོ་ན་གསང་སྔགས་རྣལ་འབྱོར་བས་དེ་དག་སྐུ་ལ་འཆང་བའི་དགོས་པ་ནི། དབུ་ལ་བརྒྱན་པའི་པྲ་ཕུད་དང་དབུ་རྨོག་སོགས་ཀྱིས་སྔགས་ཀྱི་རྣལ་འབྱོར་བ་ལྟ་བ་དང་འབྲལ་མེད་ཀྱི་ཚུལ་དང༌། པྲོག་ཞུ་རིགས་ལྔས་རྒྱལ་བ་རིགས་ལྔ་མཚོན་ལ་ལྷ་འདྲེ་གདུག་པ་ཅན་འདུལ་བའི་རྟགས་སུ། མི་ལྤགས་ཀྱི་གཡང་གཞི། ཐོད་རློན་གྱི་དོ་ཤལ། ཐོད་སྐམ་གྱི་དབུ་རྒྱན། ཞག་གི་ལྟོ་རིས། ཁྲག་གི་ཐིག་ལེ་བཅས་ཡིན། རང་རྒྱུད་ཀྱི་ཡེ་ཤེས་དྲི་མས་མ་གོས་པའི་བརྡ་རུ་དཔྱང་བུ་དང་སྔགས་གཟན་དཀར་པོ་སོགས་ཡིན། ཟག་བཅས་དང༌། ཟག་མེད་ཀྱི་ཡོན་ཏན་དུ་མས་ཕྱུག་པའི་རྟགས་སུ། ཕྱག་གདུབ་དང་ཞབས་གདུབ། སྙན་ཆ། མགུར་ཆུ། དོ་ཤལ་སོགས་ཀྱིས་མཚོན་པ་གསལ།།
[/su_spoiler]
[su_spoiler title=”བཞི་པ། མཆོག་གི་སྤྲུལ་སྐུའི་ཆས་གོས་སྐོར།” style=”fancy”]
བཞི་པ། མཆོག་གི་སྤྲུལ་སྐུའི་ཆས་གོས་སྐོར།
སྤྱིར་མཆོག་གི་སྤྲུལ་སྐུ་ནི་མ་ངེས་ལྔ་ལྡན་ཏེ། སྐུ་ཡི་ཆ་ལུགས་མ་ངེས། སྐུ་ཚེའི་ཚད་མ་ངེས། བཞུགས་པའི་གནས་མ་ངེས། བསྟན་པའི་འཁོར་མ་ངེས། གསུང་བའི་བོན་མ་ངེས་པར། གདུལ་བྱ་གང་ལ་གང་འདུལ་གྱི་ཚུལ་དུ་སྐུ་ཡི་གར་སྟབས་འདྲ་མིན་དུ་བསྒྱུར་བས། སྤྲུལ་སྐུའི་ཆས་གོས་དང་ཆ་ལུགས་རྣམས་འདི་ཞེས་བརྗོད་དུ་མེད་ཀྱང་རྩོད་ལྡན་ཚེ་ལོ་བརྒྱ་པའི་མཆོག་སྤྲུལ་ལ་སྦྱར་ཏེ་ཅུང་སྤྲོས་ན། བདག་ཅག་གི་སྟོན་པ་དེ་ཉིད་སྐུ་བལྟམས་ནས་རྒྱལ་སར་མ་ཕྱུངས་བར་ཆ་ལུགས་གཙོ་བོ་རྫོགས་སྐུ་རྒྱན་ཆས་ཏེ་དབུ་རྒྱན་དང༌། སྙན་ཤལ། མགུལ་ཆུ། དོ་ཤལ། སེ་མོ་དོ། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སྟོད་གཡོགས། སྨད་ཤམས་སོགས་ཀྱིས་སྤྲས། རྒྱལ་སར་ཕྱུང་ནས་རབ་ཏུ་མ་བྱུང་བར་རྒྱལ་པོའི་ཆས་སྤྲས་ཏེ། སྐུ་ལ་དར་དམར་གྱི་རལ་ཁ་དང༌། ཟ་འོག་གི་འགྱིང་བེར་གཡུ་མདངས་སྔོན་པོའི་སྟོད་གཡོག་ལྗང་སྨུག་གི་ཐོད་རལ་རྣམས་གསོལ། ཞབས་ལ་ཟ་འོག་གི་འབེལ་ལྷམ་མནམས། ཤི་ཤོན་གྱི་སྐུ་རགས་ནི་བཅིངས། དབུ་ལ་ནི་དཀར་པོའི་ལ་ཐོད་དང་རིན་པོ་ཆེའི་པྲོག་ཞུ་རྩེ་ལྔ་ཅན་དང་རྩེ་དགུ་བཅས་གསོལ། ཕྱག་ན་སྲིད་ལ་ལྟོས་ཀྱི་ཆག་ཤིང་ཡང་མནམས་པ་བཅས་ལ་རྒྱལ་པོའི་རྒྱན་ཆས་ཞེས་བཤད། དགུང་ལོ་སོ་གཅིག་ཐོག་ཁྱིམ་སྤང་རབ་ཏུ་བྱུང་བ་དང༌། འདོད་པའི་དམིགས་རྫས་འཁོར་དང༌། ཟང་ཟིང་གི་རྒྱན་ཆས་ཡོངས་སུ་སྦྱིན་པ་བཏང་ཞིང༌། དག་པའི་འདུལ་གོས་ན་བཟའ་པད་ལོ་རིས་དྲུག་དང༌། ན་བཟའ་གོས་དགུ། རིན་ཆེན་རྫས་ལྔ་རྣམས་ལོངས་སུ་སྤྱོད་པའི་ཚུལ་མཛད།།
[/su_spoiler]
[su_spoiler title=”ལྔ་པ། རྫོགས་སྐུའི་རྒྱན་ཆས་སྐོར།” style=”fancy”]
ལྔ་པ། རྫོགས་སྐུའི་རྒྱན་ཆས་སྐོར།
སྐུ་གསུམ་གྱི་ནང་ཚན་ལོངས་སྤྱོད་རྫོགས་སྐུ་ནི་ངེས་པ་ལྔ་ལྡན་ཏེ། སྐུ་ངེས་པ་མཚན་སྤྲས་ལོངས་སྤྱོད་རྫོགས་སྐུ་དང༌། འཁོར་ངེས་པ་ས་གནས་བྱང་སེམས། དུས་ངེས་པ་འཁོར་བ་མ་སྟོང་བར། གནས་ངེས་པ་འོག་མིན་ཁོ་ན། བོན་ངེས་པ་ཐེག་ཆེན་ཁོ་ན་བཅས་ཡིན། དེའི་རྒྱན་གོས་ཞི་ཆས་ལ་རྫོགས་སྐུའི་ཞི་རྒྱན་བཅུ་གསུམ་སྟེ་དབུ་རྒྱན་དང༌། སྙན་ཤལ། མགུལ་ཆུ། དོ་ཤལ། སེ་མོ་དོ། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། གདན་ཁྲི། སྟོད་གཡོགས། སྨད་ཤམས། རྒྱབ་ཡོལ། དབུ་གདུགས་བཅས་སོ།། རྒྱབ་ཡོལ་ལ། ལྷ་དྲུག་གིས་བརྒྱན་པ་དང་ན་དྲུག་གིས་བརྒྱན་པ་གཉིས་ཏེ། བྱ་ཁྱུང་གཅིག་གི་ཁ་ནས་ཆུ་སྲིན་གཉིས་ཟ་བ་དང་གཡུ་འབྲུག་གཉིས་ཀྱི་ཁ་ནས་ཀླུ་ཕྲུག་གཉིས་ཟ་བ། སེང་གེ་གཉིས་ཀྱི་ཁ་ནས་བྲམ་ཟེ་གཉིས་ཟ་བ་དང་དྲུག་ཡིན། ན་དྲུག་ཀྱང་རྒྱབ་ཡོལ་རྩེ་ནས་མར་རིམ་བཞིན་བྱ་ཁྱུང་ཀ་ར་ན་དང༌། ཆུ་སྲིན་པ་ཏྲ་ན། མི་ཆུང་བྱ་ར་ན། རི་དྭགས་ཤ་ར་ན། ལྷ་སྲས་ཁྱིའུ་ན། གླང་ཆེན་འགྱིངས་བ་ན་དང་དྲུག་གོ འདི་རྣམས་རིས་སུ་བྲིས་པ་དང་འབུར་དུ་དོད་པ། ལུགས་སུ་བྱུགས་པ་བཅས་ལ་རྫོགས་སྐུའི་ཞི་རྒྱན་ཞེས་བཤད། འོན་ཀྱང་རྫོགས་སྐུའི་རྒྱན་ཆས་འདྲ་བར་དེང་སང་རྒྱ་གར་བས་དཔུང་རྒྱན་དང༌། ཕྱག་གདུབ། ཞབས་གདུབ། མགུལ་ཆུ། དོ་ཤལ། དར་དཔྱང་སོགས་བེད་སྤྱོད་གནང་བར་འདུག་ཀྱང་རྒྱན་ཆ་འདི་རྣམས་ཐོག་མར་རྫོགས་སྐུའི་ཆས་སམ། ལྷ་ཡི་ཆས་ཤིག་ཡིན་ཞིང༌། དེ་ནས་རིམ་བཞིན་རྒྱ་གར་དམངས་ཁྲོད་ནང་བེད་སྤྱོད་གཏོང་སྲོལ་བྱུང་ནས་ད་བར་གནས་པ་ཞིག་ལས་གཞན་དུ་མི་སེམས།
རྫོགས་སྐུ་ནི་ཐུགས་ཞི་བའི་ངང་ལས་མ་གཡོས་ཀྱང་སྐུ་ཁྲོ་བོར་བཞེངས་པའི་དྲག་པོའི་ཆས་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང༌། སྔགས་པའི་ཆས་གོས་དགུ་སོགས་ཡོད་པར་སྣང༌། དཔེར་ན་ཡིད་དམ་གསས་མཁར་མཆོག་ལྔ་དང༌། ཡི་དམ་བཀའ་ཆེན་སྡེ་དགུ་བཅས་ཀྱི་རྒྱན་ཆས་རྣམས་རྫོགས་སྐུ་ཁྲོ་བོའི་ཆས་ལ་མཚན་གཞི་བཞག་ན་རུང་བར་སེམས།
[/su_spoiler]
[/su_accordion]
དཔྱད་གཞིའི་དཔེ་ཁུངས།
༡ གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་དྲང་སྲོང་ཐེག་པའི་མདོ། དཔེ་གཟུགས་དཔེ་བསྐྲུན་ཁང་སྨན་རིའི་ཐོབ་གསར། གསུངས་པོ་རྒྱལ་བ་གཤེན་རབ་མི་བོ།
༢ འདུལ་བ་རྒྱུད་དྲུག དཔེ་བསྐྲུན་ཁང་སྨན་རིའི་ཐོབ་གསར། གསུངས་པོ་རྒྱལ་བ་གཤེན་རབ་མི་བོ།
༣ ཞྭ་བཤད་པའི་ཝང་དྲུག་འགྱུར། དཔེ་གཟུགས་དཔེ་བསྐྲུན་ཁང་ཐོབ་གསར། མཛད་པ་པོ་བླ་ཆེན་དྲན་པ་ནམ་མཁའ། (༩༡༤)།
༤ རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་བཀོད་པའི་རྒྱན། དཔེ་གཟུགས་དཔེ་བསྐྲུན་ཁང་ཆབ་མདོ་པར་འདེབས་བཟོ་གྲྭ། མཛད་པ་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན། (༡༡༩༨ ༡༢༦༣)།
༥ འདུལ་བ་ཀུན་ལས་བཏུས་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ། དཔེ་བསྐྲུན་ཁང་ཐོབ་གསར། མཛད་པ་པོ་མཉམ་མེད་ཆེན་པོ། (༡༣༥༦་ ༡༤༡༥)།
༦ གཤང་རྔ་རྐང་གླིང་རྣམས་ཀྱི་བྱུང་ཁུངས་རབ་བཤད། དཔེ་བསྐྲུན་ཁང་ཐོབ་གསར། མཛད་པ་པོ་སྨན་རིའི་མཁན་རབས་ཉེར་གཉིས་པ་ཤེས་རབ་དགོངས་རྒྱལ། (༡༤༨༤་ ༡༨༣༥)།
༧ གསང་སྔགས་ཐེག་པ་ཆེན་པོའི་དམ་རྫས་རྣམ་བཤད་རྣལ་འབྱོར་རོལ་པའི་དགའ་སྟོན། དཔེ་བསྐྲུན་ཁང་ཐོབ་གསར། མཛད་པ་པོ་ཀུན་གྲོལ་འཇའ་ཚོན་སྙིང་པོ།
༨ སྔར་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ། དཔེ་བསྐྲུན་ཁང་ཐོབ་གསར། མཛད་པ་པོ་སྨན་སློབ་བསྟན་འཛིན་རྣམ་དགའ། (༡༩༢༦ )།
༩ སྟོན་པ་སངས་རྒྱས་ཀྱི་སྐུ་ཡི་ཆ་ལུགས་རྣམ་བཤད། དཔེ་བསྐྲུན་ཁང་ཐོབ་གསར། མཛད་པ་པོ་སྨན་སློབ་བསྟན་འཛིན་རྣམ་དགའ།