བོན་གྱི་འདུལ་བའི་སྐོར་ལ་དྲི་བ་བཞི།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། སེང་གསས།
དྲི་བ། བོན་གྱི་དྲིས་ལན་དྲ་མཛོད་གྱི་ཚོགས་གཙོ་མཆོག་ལ་འཚམས་འདྲི་ཞུ་བ་དང་བཅས། བོན་གྱི་འདུལ་བའི་རྒྱུད་རིམ་དང་འདུལ་བའི་སྐོར་ལ་བཀའ་འདྲི་ཁག་ཅིག་ཞུ་བ་ལགས་ན་བཀའ་ལན་གནང་བ་མཁྱེན།
༡༽གདུང་སོབ་མུ་ཆོས་སོ་ཐར་གྱི་སྡོམ་པ་ཞུས་པའི་ལོ་རྒྱུས་གཞུང་གང་དུ་གསལ་གྱི་ཡོད་དམ།
ལན། མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རང་རྣམ་ལས་འདུལ་བའི་རྒྱུད་རིམ་སྐབས་སུ། “སྟོན་པ་དེ་ཡི་འཁོར་ལ་ཤིན་ཏུ་གྲངས་མང་བ་བརྗོད་ལས་འདས་པར་ཡོད་ཀྱང་། རྣམ་དག་འདུལ་བའི་འཁོར་ནི་སྡེ་ཚན་གྱི་སྒོ་ནས་བསྡུས་ན།” ཞེས་པ་ནས། “སྟོན་པའི་སྐུ་ཡི་སྲས་མཆོག་ཡིན་ཀྱང་རྗེས་འཇུག་འགྲོ་བའི་དོན་དུ་སྤྲུལ་ཏེ་སྟོན་པ་མྱ་ངན་འདས་ནས་མི་ལོ་སྟོང་དང་བརྒྱད་བརྒྱ་ནས། གདུང་སོབ་ཀྱི་སྟོན་པར་མཛད་པ། ཚུལ་མཚན་མུ་ཆོ་ལྡེམ་དྲུག་གསོལ་བ་སྟེ། རྒྱལ་བའི་སྲས་མཆོག་ལྔ་ཡི་གཙོར་བྱས་པ་རྣམས་ལ་བརྒྱུད་པའོ།” ཞེས་གསུངས་པར་བརྟག་ན་སྟོན་པ་རང་ཉིད་ཀྱིས་རྒྱལ་བའི་སྲས་མཆོག་ལྔ་ལ་འདུལ་བའི་བསླབ་ཁྲིམས་གནང་ཡོད་པར་སྙམ།
༢༽གཡུང་དྲུང་གཙུག་གཤེན་རྒྱལ་བའི་སྡོམ་རྒྱུད་སྟོན་པ་ཁྲི་གཙུག་རྒྱལ་བ་ལ་ཐུག་ཚུལ་ག་འདྲ་ཡིན་ནམ།
ལན། གཡུང་དྲུང་གཙུག་གཤེན་རྒྱལ་བའི་སྡོམ་རྒྱུད་སྟོན་པ་ཁྲི་གཙུག་རྒྱལ་བར་ཐུག་པར་བཤད་དཀའ་སྟེ། ཁོང་ནི་སྲིད་པའི་བཀའ་ཐུབ་ཡིན་པར་ལུང་གིས་གྲུབ་ལ་དེའང་མདོ་ལས། “སྲིད་པའི་དཀའ་ཐུབ་ཡིད་ཀྱི་ཁྱེའུ་ཆུང་གིས།” ཞེས་དང་། མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རང་རྣམ་ལས། “འཁོར་རྣམ་པ་བཞི་པོ་དེ་དག་ཀུན་གྱི་མཁན་པོར་གྱུར་པ་སྲིད་པའི་དཀའ་ཐུབ་སངས་པོའི་སྐུ་ལས་གཡུང་དྲུང་གཙུག་གཤེན་རྒྱལ་བ་དང་།” ཞེས་སོགས་གསལ་པོར་བཀོད་འདུག་ཞུ།
༣༽མུ་ཟི་གསལ་བཟང་འགོག་པ་བཞུགས་པའི་དུས་ཚོད་དང་རྒྱལ་རབས་ག་དུས་ཞིག་ནས་བཞུགས་ཡོད་པ་དང་དུས་རབས་གང་ཞིག་ནས་ལྡང་ཡོད་དམ།
ལན། འདིའི་སྐོར་དེ་སྔོན་ཁ་གསལ་ཞིག་བོན་གྲོགས་བོན་བུ་ལགས་སུ་ཕུལ་བ་ཞིག་འདིར་ཡོད་པ་དེས་འཐུས་པར་སེམས།
༤༽འདུལ་བ་སྟོད་ལུགས་དང་སྨད་ལུགས་གཉིས་ཀྱི་ཁྱད་པར་དང་དེ་གཉིས་ཀྱི་གཞུང་སོ་སོ་ནས་ཡོད་དམ།
ལན། དེའང་འདུལ་བ་སྟོད་སྨད་ཀྱི་ལུགས་ནི་ཡུལ་དུས་གཉིས་ལ་ལྟོས་ཏེ་ཕྱེས་པར་སྙམ། ཡུལ་གྱི་ཆ་ནས་ཞང་བོད་སྟོད་ཕྱོགས་ཁུལ་དུ་དར་བའི་འདུལ་བསྟན་ལ་སྟོད་ལུགས་དང་། སྨད་ཕྱོགས་རྒྱ་མཚམས་ནས་དར་བ་ལ་སྨད་ལུགས།
དུས་ཀྱི་ཁྱད་པར་ནི་སྟོན་པ་ཐུགས་རྗེ་ཅན་ནས་ཕྱིས་ཞང་བོད་ཁུལ་དུ་ཕྱི་ལོའི་གོང་གི་ ༩༡༡ ལོ་སྟེ་རྒྱལ་པོ་མུ་ལ་མུ་སངས་བར་དར་བའི་འདུལ་བ་ལ་སྟོད་ལུགས་དང་། ཕྱིས་ཕྱི་ལོའི་སྔོན་ BC ༨༨༨ ནང་མུ་ཟི་གསལ་བཟང་འགོག་པ་ལས་བཞེངས་ནས་འདུལ་བསྟན་སླར་ཡང་དར་བ་དེ་ལ་འདུལ་བ་སྨད་ལུགས་ཞེས་གསུངས་པ་འདྲ།
འདུལ་བ་སྟོད་ལུགས་དང་སྨད་ལུགས་གཉིས་ཀྱི་གཞུང་འདི་དང་དེ་སོགས་མི་འདྲ་ཞེས་ཁ་གསལ་ཞུ་ཐུབ་མ་སོང་ཡང་། བྱམས་མ་འབུམ་ལྔ་ལས་གསུངས་པའི་གཡུང་དྲུང་གསལ་སྨྲ་ཡོད་ཁམས་ཀྱི་རྒྱུད་དང་། གཡུང་དྲུང་བརྟན་པ་ལྷ་ཡི་རྒྱུད། གཡུང་དྲུང་རྨད་དུ་བྱུང་བའི་རྒྱུད། གཡུང་དྲུང་ཕལ་ཆེན་འདུལ་བའི་རྒྱུད། གཡུང་དྲུང་ཁྲི་སྨོན་རྒྱལ་བའི་རྒྱུད། གཡུང་དྲུང་ཁོང་མ་དག་པའི་རྒྱུད། རྣམས་ནི་འདུལ་བ་སྟོད་ལུགས་ཀྱི་གཞུང་ལ་གོ་དགོས་པ་མིན་ནམ་སྙམ།
རྒྱུ་མཚན་ནི། སྨད་ལུགས་ཀྱི་འདུལ་བ་རྒྱུད་དྲུག་ནི། རྩ་བ་འདུལ་བ་ཀུན་བྱུང་དབྱིངས་དག་གི་རྒྱུད། དེ་ལས་གྱེས་པ་ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད། དུས་ཆེན་དུས་བཙན་སྡོམ་བྱེད་རྒྱུད། ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད། སོ་ཐར་བྱེ་བྲག་འབྱེད་སྡོམ་རྒྱུད། གཅིག་ཉམས་གཅིག་ལེན་ལས་སྡོམ་རྒྱུད། སྤྱི་ལྟོས་འགོག་པ་ཕྱོགས་སྡོམ་གྱི་རྒྱུད་དང་དྲུག་ཡིན་པར་༸སྨན་རིའི་སློབ་དཔོན་རིན་པོ་ཆེའི་ཞལ་ནས་གསུངས་འདུག །