བོན་གྱི་མཚན་ཉིད་གཞུང་ལུགས་སྐོར་ལ་དྲི་བ་དགུ།
རྩོམ་བྲིས་པ། སྒོང་སྐྱེས་སམ་དབྲ་ཚ་གཙུག་ཕུད་འཇིགས་མེད། དྲི་བ་གཏོང་མཁན། ཞུ་ཚང་བ།
བོན་གྱི་མཚན་ཉིད་གཞུང་ལུགས་སྐོར་ལ་དྲི་བ་དགུ།
དྲི་བ་དང་པོ། བདེན་གཉིས་ཀྱི་རྣམ་གཞག་བསྟན་སྐབས། མེ་སྟོན་དང་རྗེ་མཉམ་མེད་སོགས་ཀྱིས། ཀུན་རྫོབ་དང་དོན་དམ་གཉིས་དེ། ཤིན་ཏུ་གཅིག་པ་དང་ཤིན་ཏུ་ཐ་དད། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་རྣམས་རེ་རེ་ནས་མིན་ཚུལ་ཞལ་མཐུན་པར་གསུངས་ཏེ། གནས་ལུགས་རྟོགས་མ་རྟོགས་ཀྱི་ཤེས་པའི་མཐོང་ཚུལ་ལ་འཇོག་དགོས་པར་བཞེད། དེ་ལྟར་ན། ཀུབ་རྫོབ་དང་དོན་དམ་གཉིས་དེ་བྱས་མི་རྟག་པ་ལྟར་གྱི་ངོ་བོ་མི་གཅིག་ཀྱང་། སྤྱིར་བཏང་ངོ་བོ་གཅིག་པར་ཁས་བླངས་ན། རྗེ་ཡིས་གསུངས་པ་ལྟར་གྱི་ ”དོན་དམ་གྱི་ངོ་བོ་འདི་ཞེས་སུ་གྲུབ་པ་དང་། མི་རྟོགས་ཀྱི་མི་རྟོག་པའི་ཡེ་ཤེས་ཕུལ་ཕྱིན་རྒྱུད་ལ་ཉོན་མོངས་དང་བཅས་པ་” སོགས་ཀྱིས་སྐྱོན་འབྱུང་ངམ། ཡང་ན་དེ་གཉིས་ངོ་བོ་གཅིག་པ་མ་ཡིན་ན། “དོན་དམ་སྒོམ་པས་ཀུན་རྫོབ་མཚན་མ་ཟེར་གྱིས་མི་ནོན་པ་དང་། དོན་དམ་བདེན་པ་ཀུན་རྫོབ་ཀྱི་སྣང་བའི་བོན་ཉིད་མ་ཡིན་པ་འགྱུར་བ་” སོགས་ཀྱི་སྐྱོན་ཅི་ལྟར་སྤང།
དྲི་བ་དང་པོའི་ལན། དོན་དམ་དང་ཀུན་རྫོབ་གཉིས་བྱས་མི་རྟག་ལྟར་ངོ་བོ་གཅིག་མ་ཡིན་ཡང་། སྤྱིར་ངོ་བོ་གཅིག་པ་ཙམ་ཡིན་ན། དོམ་དམ་ངོ་བོ་འདི་ཞེས་སུ་གྲུབ་པར་འགྱུར་བའི་སྐྱོན་དང་། མི་རྟོག་པའི་ཡེ་ཤེས་ཕུལ་ཕྱིན་རྒྱུད་ལ་ཉོན་མོངས་དང་བཅས་པར་འགྱུར་བའི་སྐྱོན་རེ་རེ་ནས་ཡོད་པར་སྙམ། སྐྱོན་དང་པོ་ཡོད་དེ། དོན་དམ་དང་ཀུན་རྫོབ་གཉིས་ཀའི་ངོ་བོ་འདི་ཞེས་སུ་འཇོག་མ་ཐུབ་པར་དོམ་དམ་དང་ཀུན་རྫོབ་གཉིས་ངོ་བོ་གཅིག་ཡིན་པ་འཇོག་མི་ཐུབ་པས་སོ། །དཔེར་ན་བྱས་པ་དང་མི་རྟག་པ་གཉིས་ངོ་བོ་གཅིག་ཡིན་པར་འཇོག་པ་ལ་དང་པོ་བྱས་པ་དང་མི་རྟག་པ་གཉིས་ཀའི་ངོ་བོ་འདི་དང་འདི་ཞེས་སུ་འཇོག་ཤེས་དགོས་པ་དང་གཅིག་མཚུངས་ཡིན། བྱས་པ་ཞེས་པ་རྒྱུ་རྐྱེན་ལས་སྐྱེས་པ་ཞིག་ལ་འཇོག་དགོས་པར་ཤེས་ཀྱང་མི་རྟག་པ་ཞེས་པ་སྐད་གཅིག་གི་འགྱུར་བའི་རང་བཞིན་ཞིག་ལ་འཇོག་དགོས་པར་མ་ཤེས་པའི་གང་ཟག་གིས་བྱས་པ་དང་མི་རྟག་པ་གཉིས་ངོ་བོ་གཅིག་པ་ཡིན་པར་འཇོག་མི་ཐུབ་པས་སོ། །
སྐྱོན་གཉིས་པ་ཡོད་དེ། ཀུན་རྫོབ་ཀྱི་ངོ་བོ་ནི་འཁྲུལ་བའི་སྣང་ཚུལ་ཙམ་ཡིན་པས། དོན་དམ་དེ་དང་ངོ་བོ་གཅིག་ན་མི་རྟོག་པའི་ཡེ་ཤེས་ཕུལ་ཕྱིན་རྒྱུད་ལ་འཁྲུལ་བའི་སྣང་ཚུལ་དེ་ཉིད་ཡོད་པར་འགྱུར་བའི་ཕྱིར་ཏེ། དོན་དམ་དེ་ཉིད་ཕུལ་ཕྱིན་ཡེ་ཤེས་ཀྱི་སྣང་ཚུལ་གང་ཞིག་དེ་འཁྲུལ་བའི་སྣང་ཚུལ་ཙམ་དུ་གྲུབ་པའི་ཀུན་རྫོབ་དང་ངོ་བོ་གཅིག་པའི་ཕྱིར། དོན་དམ་ཀུན་རྫོབ་གཉིས་ངོ་བོ་གཅིག་པ་མ་ཡིན་པ་ཙམ་གྱིས་དོན་དམ་སྒོམ་པས་ཀུན་རྫོབ་མཚན་མ་ཟིལ་གྱིས་མི་གནོན་ཐལ་བ་དང། དོན་དམ་ཀུན་རྫོབ་ཀྱི་སྣང་བའི་བོན་ཉིད་མ་ཡིན་པར་ཐལ་བའི་སྐྱོན་གང་ཡང་མེད། ཤིན་ཏུ་ཐ་དད་པ་ཡིན་ན་སྐྱོན་དེ་གཉིས་འབྱུང་བ་ནི་བཤད་མ་དགོས་པས་སོ། །
དྲི་བ་གཉིས་པ། འགྲོ་མགོན་བློ་གྲོས་དང་རྗེ་མཉམ་མེད་ཆེན་པོ་སོགས་ཀྱིས་རང་བཞིན་བདེན་པའི་མཚན་ཉིད་འདི་ལྟར་བཞག་སྟེ། འགྲོ་མགོན་གྱིས། “ཁྱབ་བྱེད་དུ་གྱུར་པའི་ཡིན་ལུགས་བདེན་པ།” ཞེས་དང་། རྗེ་ཡིས། “གནས་སྐབས་ཀྱི་བདེན་པའི་ཁྱབ་བྱེད་དུ་གྱུར་པ།” ཞེས་གསུངས་ཏེ། “ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་གྱི་བདེན་པ་ནི་གནས་སྐབས་ཀྱི་བདེན་པ་ཙམ་དུ་འདོད་ལ།” ཞེས་གསུངས་པས། རྗེ་ཡི་ལྟར་ན། རང་བཞིན་གྱི་བདེན་པ་དེ་ཀུན་རྫོབ་དང་དོན་དམ་གཉིས་ཀྱི་ཁྱབ་བྱེད་དུ་འགྲོ་དགོས་སམ་མི་དགོས། དགོས་ན་དེ་གཉིས་ཀྱི་ཁྱབ་བྱེད་དུ་འགྲོ་ཚུལ་བསྡུས་གྲྭ་ལྟར་འཐད་དམ། ཀུན་རྫོབ་དང་དོན་དམ་གཉིས་གནས་སྐབས་ཀྱི་བདེན་པར་བཞག་ནས། “རང་བཞིན་གྱི་བདེན་པ་ནི་བདེན་གཉིས་ཟུང་འབྲེལ་ལོ།” ཞེས་གསུངས་པ་ལྟར་ན། རང་བཞིན་གྱི་བདེན་པ་དེ་ཀུན་རྫོབ་དང་དོན་དམ་བདེན་པ་གཉིས་གང་རུང་མ་ཡིན་པ་བསྟན་པ་ཡིན་ནམ། རྒྱུ་མཚན་ཅི།
དྲི་བ་གཉིས་པའི་ལན། རྗེ་ཡིས་གནས་སྐབས་བདེན་པའི་ཁྱབ་བྱེད་དུ་གྱུར་པ་ཞེས་གསུངས་པའི་དོན་ནི་དོན་དམ་དང་ཀུན་རྫོབ་གཉིས་ཀྱི་ཁྱབ་བྱེད་གྱུར་པ་ལ་གོ་བ་མ་ཡིན་པར་སྙམ། རྒྱུ་མཚན་ནི་གནས་སྐབས་བདེན་པ་ཞེས་པ་ཀུན་རྫོབ་གཅིག་པུ་ལས་དོན་དམ་རིགས་ལ་གནས་སྐབས་བདེན་པ་ཞེས་མི་བརྗོད་པས་སོ། །གང་ལྟར་ཀུན་རྫོབ་མཐའ་དག་གནས་སྐབས་བདེན་པ་དང་། དོན་དམ་མཐའ་དག་རང་བཞིན་གྱི་བདེན་པ་ཡིན་པར་འཇོག་དགོས། སྐབས་འདིར་ཁྱབ་བྱེད་གྱུར་ཞེས་པའི་དོན་ནི་བསྡུད་གྲྭ་ལས་གསུངས་པ་ལྟར་མ་ཡིན་པར། དོན་དམ་དེ་ཉིད་ཀུན་རྫོབ་ཀྱི་མཐར་ཐུག་གི་ཡིན་ལུགས་སམ། ཀུན་རྫོབ་ཀྱི་རང་བཞིན་མཐར་ཐུག་དེ་ཡིན་པས་ན་དེའི་ཁྱབ་བྱེད་ཅེས་སུ་བརྗོད་པ་ཡིན་པར་སེམས། རང་བཞིན་བདེན་པ་ཞེས་པའི་དོན་ཡང་དོན་དམ་ཐམས་ཅད་འདི་ལྟར་སྣང་བ་དག་གི་མཐར་ཐུག་གི་རང་བཞིན་ཡིན་པའི་ཕྱིར་ན་དེ་ལྟར་བརྗོད་པ་ཡིན་ལ། ཀུན་རྫོབ་ཐམས་ཅད་གནས་སྐབས་བློ་ཡི་སྣང་ཚུལ་ཙམ་དུ་བདེན་པས་ན་གནས་སྐབས་བདེན་པ༌ཞེས་སུ་བརྗོད་པ་ཡིན་ནོ། །
དྲི་བ་གསུམ་པ། རང་ལུགས་རྗེ་མཉམ་མེད་སོགས་ཀྱིས་སྒོམ་སྤང་ལ་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་སུ་བཞག་ནས་ས་བདུན་པ་མན་ཆད་ལ་ཉོན་སྒྲིབ་ལྷན་སྐྱེས་ཡོད་པར་བཞེད་པ་དང་། དཔལ་ཆེན་ལྟར་ན། “ཉོན་མོངས་པའི་ས་བོན་དེ་དག་ས་དང་པོའི་མཐོང་ལམ་གྱིས་སྤངས་པས་ན་མཐོང་ལམ་ནི་གཉེན་པོ་ཡིན།” ཞེས་གསུངས་ཏེ། ཉོན་མོངས་ནི་མཐོང་སྤང་ཁོ་ནར་བཞག་སྟེ། སྒོམ་སྤང་ལ་ཤེས་སྒྲིབ་ཀྱིས་ཁྱབ་པ་དང་། ཉོན་སྒྲིབ་ཀུན་ལྷན་གཉིས་ཀ་མཐོང་སྤང་གི་ཁོངས་སུ་གསུངས་ཡོད་པར་སྙམ། དེས་ན་རང་ལུགས་དེང་སང་ཡོངས་གྲགས་སུ་རྗེ་ཡིས་བཞེད་ཚུལ་ལྟར་དུ་ཁས་ལེན་ཆེ་བར་འདུག སྐུ་ཉིད་ལྟར་ན་དེ་གཉིས་གང་གི་བཞེད་ཚུལ་ལྟར་འཐད་པ་ཡིན། དང་པོ་ལྟར་ན། རང་ལུང་ཕལ་མོ་ཆེར་ལས། ཁམས་གསུམ་འཁོར་བའི་ས་དགུ་ལ་ཉོན་མོངས་པའི་སྒྲིབ་པ་འབྱང་བར་བཤད་པ་དང་། གཡུང་དྲུང་ཐེག་པའི་ས་བཅུ་ལ་ཤེས་བྱའི་སྒྲིབ་པ་སྦྱོང་བ་ལྟ་བུར་གསུངས་འདུག་པ་རྣམས་དགོངས་ཚུལ་གང་འདྲ་ཡོད།
དྲི་བ་གསུམ་པའི་ལན། ཁོ་བོས་རྗེ་དང་འགྲོ་མགོན་སོགས་ཀྱི་བཞེད་པ་ལྟར་ས་བདུན་ཚུན་ལ་ཉོན་སྒྲིབ་ཡོད་པར་འདོད་དགོས་སྙམ། འོན་ཀྱང་དཔལ་ཆེན་གྱིས་ས་དང་པོ་ཐོབ་ནས་ཉོན་སྒྲིབ་མེད་ཅེས་པ་དེ་ཡང་ཉོན་སྒྲིབ་ཀུན་བཏགས་ལས་ལྷན་སྐྱེས་ལ་འཇོག་པ་མ་ཡིན་པར་སེམས་ཏེ། དཔལ་ཆེན་གྱིས་ཉོན་སྒྲིབ་ལྷན་སྐྱེས་ཐམས་ཅད་ཤེས་སྒྲིབ་ཡིན་པར་འདོད་པ་ཡིན་ཏེ། ཕར་ཕྱིན་སྐབས་གཉིས་པ་ལས། དེ་ཡང་སྤྱིར་ཉོན་མོངས་པ་ལ་གཉིས་ཡོད་པ་དེ། ཀུན་ཏུ་བཏགས་པའི་རིགས་ནི་ཉོན་མོངས་པའི་སྒྲིབ་པ་ཡིན་ལ། ལྷན་གཅིག་སྐྱེས་པའི་རིགས་ཀྱི་ས་བོན་ནི་ཤེས་བྱའི་སྒྲིབ་པ་ཡིན་ཅིང་། ལྷན་གཅིག་སྐྱེས་ཀྱི་མངོན་གྱུར་ཡང་ཉོན་མོངས་པར་འདུ་བ་ཡིན་ནོ། །ཞེས་གསུངས་པས་སོ། །དེས་ན་མཁས་པ་ཚང་མས་ས་བདུན་ཚུན་ཉོན་སྒྲིབ་ལྷན་སྐྱེས་ཡོད་པར་ཞལ་གཅིག་མཐུན་ཡིན། གཡུང་དྲུང་ཐེག་པའི་ས་བཅུ་ལ་ཤེས་བྱའི་སྒྲིབ་པ་སྦྱོང་ཞེས་ཆེད་དུ་དམིགས་ནས་སྦྱོང་བྱ་ཤེས་སྒྲིབ་སྨོས་དགོས་པའི་དོན་ནི། ས་གནས་སེམས་དཔས་སྦྱང་བྱ་གཙོ་བོ་ཤེས་སྒྲིབ་སྦྱོང་པའི་ཞོར་དུ་ཉོན་སྒྲིབ་རྣམས་དམིགས་བསལ་འབད་རྩོལ་མི་དགོས་པར་ཤུགས་ལ་སྦྱོང་ཐུབ་པ་ཡིན་པས་མ་སྨོས་པ་ཡིན་ནོ། །
དྲི་བ་བཞི་པ། རྗེ་ཡི་ས་ལམ་དང་འགྲོ་མགོན་ས་ལམ་གཉིས་ལས། སྦྱོར་ལམ་གྱི་སྤང་བྱ་བཤད་སྐབས་གཟུང་འཛིན་རྟོག་པ་བཞི་བསྟན་པ་དང་། དེའི་ཁྱད་པར་བསྟན་སྐབས། “ཡུལ་ལ་རྟོག་པ་དང་། ཡུལ་ཅན་ལ་རྟོག་པ་དང་།” “ཡུལ་དུ་རྟོག་པ་དང་། ཡུལ་ཅན་དུ་རྟོག་པ།” ཞེས་རྣམ་པ་གཉིས་སུ་གསུངས་པས། སྐབས་དེར་ལ་སྒྲའི་འཕྲད་དང་དུ་སྒྲའི་འཕྲད་གཉིས་ཀྱིས་དོན་མི་འདྲ་བ་གང་ཞིག་བསྟན་པ་ཡིན། གཟུང་འཛིན་གྱི་རྟོག་པར་མུ་བཞི་བརྩིས་ཏེ། “གཉིས་ཀ་ཡིན་མཁན་མུ་དེ་ཤེས་པའི་རྒྱུན་ལ་རྟོག་པ་ལྟ་བུ་དང་། འཛིན་རྟོག་ཡིན་ལ་གཟུང་རྟོག་མ་ཡིན་པའི་མུ་ནི་ཤེས་པ་སྐད་ཅིག་མ་ལ་རྟོག་པ་ལྟ་བུ།” ཞེས་གསུངས་པས། ཤེས་པ་སྐད་ཅིག་མ་ལ་རྟོག་པ་དེ་འཛིན་རྟོག་ཁོ་ན་ཡིན་ཡང་། ཤེས་པའི་རྒྱུན་དེ་ཤེས་པ་རང་ལས་མ་འདས་ཀྱང་། དེ་ལ་རྟོག་པ་ལྟ་བུ་དེ་གཟུང་བའི་རྟོག་པ་རུ་ཅི་ལྟར་འགྱུར་ཚུལ་གསུང་རོགས།
དྲི་བ་བཞི་པའི་ལན། དང་པོ་ས་ལམ་ལས་གསུངས་པའི་དུ་རྟོག་དང་ལ་རྟོག་གཉིས་ཀྱི་དོན་ནི། ལངས་སྤྱོད་བྱར་ཞེན་པ་ལ་དུ་རྟོག་དང་། ལངས་སྤྱོད་པ་པོར་ཞེན་པ་ལ་ལ་རྟོག་ཏུ་འཇོག་དགོས་པར་སེམས་སྟེ། ས་ལམ་དང་ཕར་ཕྱིན་སོགས་ལས་ཡུལ་དང་ཡུལ་ཅན་གང་ཡིན་ཡང་དེ་ལོངས་སྤྱོད་བྱར་ཞེན་པ་ལ་བཟུང་རྟོག་དང་། དེ་ལོངས་སྤྱོད་པ་པོར་ཞེན་པ་ལ་འཛིན་རྟོག་ཏུ་བཞག་པས་སོ། །གཉིས་པ་བཟུང་འཛིན་རྟོག་པ་གཉིས་མུ་བཞི་རྩིས་སྐབས། གཉིས་ཀ་ཡིན་པ་ཤེས་པའི་རྒྱུན་ལ་རྟོག་པ་དེ་བཞག་སྐབས་ཤེས་པའི་རྒྱུན་ཞེས་པ་དེ་ནི་ཤེས་པའི་ངོ་བོ་རང་མ་ཡིན་པར་ཤེས་པ་སྐད་ཅིག་སྔ་མ་རྣམས་ཕྱི་མའི་ངོ་བོར་འགྱུར་ཏེ་རྒྱུན་འཐུད་ནས་འགྲོ་བ་དེ་ལ་འཇོག་དགོས། དེས་ན་རྟོག་པ་དེ་བཟུང་རྟོག་ཏུ་འཇོག་རིགས་སོ། །འཛིན་རྟོག་ཡིན་ཚུལ་ནི་ཤེས་པའི་རྒྱུན་ལ་རྟོག་པར་བྱེད་པ་ལ་ཤེས་པ་ལ་ཡང་རྟོག་དགོས་པས་ཡིན།
དྲི་བ་ལྔ་པ། ས་ལམ་དང་ཕར་ཕྱིན་སྐབས་དང་པོ་རྣམས་སུ་སྦྱོར་ལམ་བསྟན་སྐབས་དགག་རྟོག་དང་སྒྲུབ་རྟོག་གཉིས་བསྟན་ཏེ་དེ་གཉིས་ཀྱི་དབྱེ་གཞིའི་རྟོག་པ་དེ། “དོན་ལ་ཞེན་པ་དང་བཅས་པའི་རྟོག་པ།” ཞེས་གསུངས་པས། སྐབས་དེར་ “དོན་” ཞེས་པ་དེ་གང་ལ་འཛིན་དགོས་སམ། སྐབས་གཉིས་པར་ལུང་དུ་དྲངས་པའི་རྣམ་འབྱེད་ཉི་འོད་ལས་བཞེད་པ་ལྟར་ན། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པར་མངོན་པར་ཞེན་པའི་བློ་དེ་དགག་རྟོག་གི་མཚན་གཞི་རུ་གསུངས་ཏེ། དེ་སྐབས་ཀྱི་དོན་ཞེས་པ་དེ་བདེན་སྒྲུབ་ཏུ་བཞག་པ་ལྟ་བུར་སྣང་། དེ་ལྟར་ན། རྗེ་ཡི་ས་ལམ་ལས། སྦྱོར་ལམ་གྱི་ངོ་བོར་གྱུར་པའི་གཟུང་བ་རང་བཞིན་མེད་པར་རྟོགས་པའི་བློ་དེ་ཉིད་དགག་རྟོག་ཏུ་གསུངས་པས། བློ་དེ་དོན་ལ་ཞེན་པ་དང་བཅས་ཚུལ་གང་འདྲ་ཡིན།
དྲི་བ་ལྔ་པའི་ལན། སྦྱོར་ལམ་སྐབས་དོན་ལ་ཞེན་པ་དང་བཅས་པ་དེ། འདིར་བསྟན་རྟོག་པའི་མཚན་ཉིད་ཅེས་པའི་དོན་ནི། གནས་ལུགས་ཀྱི་དོན་དང་དགའ་བྱའི་དོན་གཉིས་ཀྱི་ཆ་ལ་ཡོད་པར་སེམས། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རྗེའི་ས་ལམ་ལས། “བཟུང་འཛིན་ཞེན་པས་སྒྲུབ་རྟོག་ལ། །གཉེན་པོས་སྤང་རྟོག་དགག་རྟོག་ཡིན།” །ཞེས་སྐབས་དེར་རྟོག་པ་དེ་གཉེན་པོ་དང་སྤང་བྱ་གཉིས་སྤྱི་ཁྱབ་ཀྱི་སྒོ་ནས་བསྟན་ཏེ། བཟུང་འཛིན་ཞེན་པས་སྒྲུབ་རྟོག་ལ་ཞེས་པས་སྒྲུབ་བྱའི་རྟོག་པ་རྣམས་བསྟན་པ་དང་། གཉེན་པོས་སྤང་རྟོག་དགག་རྟོག་ཡིན་ཞེས་པས་གཉེན་པོའི་རྟོག་པ་རྣམས་བསྟན་པ་ཡིན། དེ་ནི་སྤང་བྱའི་རྟོག་པས་དགག་བྱའི་དོན་ལ་ཞེན་པ་དང་། གཉེན་པོའི་རྟོག་པས་གནས་ལུགས་ཀྱི་དོན་ལ་ཞེན་པ་ཡིན་ནོ། །
དྲི་བ་དྲུག་པ། རང་རྟོགས་གཤེན་རབ་པ་ལ་རྣམ་བཅས་དང་རྣམ་མེད་གཉིས་སུ་དབྱེ་བའི་དེ་གཉིས་ཀྱིས། གཞི་ལྔ་རྫས་སུ་གྲུབ་མེད་མ་མཐུན་ཞེས་པས། ཤེས་བྱ་གཞི་ལྔ་དེ་རྣམ་བཅས་པས་རྫས་སུ་མ་གྲུབ་པ་དང་། རྣམ་མེད་པས་རྫས་སུ་གྲུབ་པར་འདོད་པས། སྐབས་དེར་རྫས་སུ་གྲུབ་མིན་དེ་རྫས་ཐ་དད་དུ་གྲུབ་མིན་ལ་བལྟ་དགོས་སམ་མི་དགོས། དགོས་ན་རྣམ་མེད་པ་ལྟར་ན། བདག་གཅིག་གི་འབྲེལ་བ་ཅི་ལྟར་འཇོག་དགོས་པ་དང་། རྣམ་བཅས་པ་ལྟར་ན་དེ་བྱུང་གི་འབྲེལ་བ་འཇོག་ཚུལ་གང་འདྲ་ཡིན།
དྲི་བ་དྲུག་པའི་ལན། རྣམ་བཅས་དང་རྣམ་མེད་གཉིས་ཀྱིས་གཞི་ལྔ་རྫས་སུ་གྲུབ་མ་གྲུབ་ཁྱད་པར་བསྟན་སྐབས། རྫས་སུ་གྲུབ་མིན་ནི་རྫས་ཐ་དད་དུ་གྲུབ་མིན་ལ་ལྟ་དགོས་པ་བཤད་མ་དགོས་པ་ཡིན་མོད། དེ་ཡང་རྣམ་མེད་པས་རྫས་ཐ་དད་དུ་གྲུབ་ཅེས་པའི་དོན་ནི་བོན་གང་དང་གང་ཡིན་ཡང་སོ་སོ་ལ་ཐུན་མིན་གྱི་གྲུབ་ཚུལ་རེ་ཡོད་པ་དང་། དེ་ཡོད་པ་བཞིན་སོ་སོ་འཛིན་བྱེད་ཀྱི་བློ་ཐུན་མིན་རེ་ཡོད་པའི་དོན་ལ་འཇོག་པ་ཡིན་ཏེ། སྒ་སྟོན་ཐེག་འགྲེལ་ལས། རྣམ་མེད་པས་ཁ་དོག་དང་དབྱིབས་གཉིས་རྫས་ཐ་དད་ཡིན་པའི་རྒྱུ་མཚན་ནི། དབྱིབས་ལུས་ལ་སྣང་ཡང་ཁ་དོག་ལུས་ལ་མི་སྣང་བས་སོ། །ཞེས་གསུངས་པས་སོ། །རྣམ་མེད་པས་བདག་གཅིག་འབྲེལ་འདོད་ཚུལ་རང་ལུགས་ཡིག་ཆ་ལས་ཁ་གསལ་གང་ཡང་མེད་ཀྱང་། རྣམ་མེད་པས་རྫས་ཐ་དད་ཅེས་པ་དེ་གོང་ཞུས་ལྟར་ཐུན་མིན་གྲུབ་ཚུལ་དང་འཛིན་བྱེད་ཡོད་པའི་དོན་ལས། སྤྱིར་བྱས་མི་རྟག་རང་བཞིན་གཅིག་པའི་ཚུལ་དེ་རྣམ་མེད་པས་མི་འདོད་པ་དེ་འདྲ་ལར་ནས་མ་ཡིན་པས། རྣམ་མེད་པས་ངོ་བོ་གཅིག་པ་མི་འདོད་ཅེས་པ་དེ་ནི་སྒྲ་ཙམ་ལས་དོན་གྱི་ཆ་ནས་ཁྱད་པར་གང་མེད་པར་སྙམ། རྣམ་བཅས་པས་དེ་བྱུང་འབྲེལ་འདོད་ཚུལ་ནི་བསྡུད་གྲྭ་ལས་རྒྱུ་དྲུག་དང་རྐྱེན་བཞིའི་རྣམ་བཞག་ཇི་ལྟར་བསྟན་པ་ལྟར་དུ་ཐེག་པ་དེ་ཁས་ལེན་པ་ཡིན་པས། སྤྱི་ཡོངས་ཀྱི་འཇོག་ཚུལ་ལྟར་ཁས་ལེན་པ་ཡིན་ནོ། །
དྲི་བ་བདུན་པ། ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། ཐུགས་རྗེ་སེམས་དཔའ་ལ་སྐྱེ་མཆེད་ཡང་དག་དང་། སྐྱེ་མཆེད་འཁྲུལ་པ་གཉིས་སུ་དབྱེ་བའི་སྐྱེ་མཆེད་ཅེས་པ་དེ་ཕྱི་ཡུལ་གྱི་སྣང་བ། ཀ་བ་དང་བུམ་པ་ལྟ་བུར་ངོས་འཛིན་དགོས་སམ། དགོས་ན། ཡང་དག་པའི་ལུགས་ལ་དེ་དག་གཞན་དབང་དུ་འདོད་དགོས་པ་དང་། འཁྲུལ་བ་པའི་ལུགས་ལ་ཀུན་བཏགས་སུ་ཁས་ལེན་དགོས་པས། དེ་ལྟར་ན། མཚན་ཉིད་གསུམ་གྱི་རྣམ་གཞག་ག་བུར་ཐིགས་པ་ལྟར་ན། གཞན་དབང་ཡོངས་གྲུབ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། “གཞན་དབང་དངོས་པོ་དོན་གཅིག” ཅེས་པའི་འདོད་ཚུལ་དེ་སྐྱེ་མཆེད་ཡང་དག་པའི་ལུགས་ཡིན་པར་བརྗོད་ན་སྐྱོན་དུ་འགྱུར་རམ།
དྲི་བ་བདུན་པའི་ལན། ཐུགས་རྗེ་སེམས་དཔའ་ལ་སྐྱེ་མཆེད་ཡང་དག་དང་། སྐྱེ་མཆེད་འཁྲུལ་པ་གཉིས་སུ་དབྱེ་བའི་སྐབས། སྐྱེ་མཆེད་ཅེས་པ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སྣང་ཚུལ་གྱི་སྐྱེ་མཆེད་ལ་འཇོག་དགོས་པ་ལས། ཕྱི་ཡུལ་གྱི་སྣང་བ། ཀ་བ་དང་བུམ་པ་ལྟ་བུར་ངོས་འཛིན་བྱེད་པ་ནི་གཏན་ནས་མི་འགྲིག་སྟེ། དེ་གཉིས་ཀས་གཞན་དབང་དུ་འདོད་པས་སོ། །སོ་སོའི་སྐྱེ་བོའི་སྣང་ཚུལ་གྱི་སྐྱེ་མཆེད་ནི་གཅིག་གིས་ཀུན་བཏགས་སུ་འདོད་པ་དང་། གཅིག་གིས་གཞན་དབང་འདོད་པའི་ཁྱད་པར་འཇོག་རིགས་ཏེ། ཡང་དག་པས་སོ་སྐྱེའི་རྒྱུད་ཀྱི་དབང་ཤེས་དག་མ་འཁྲུལ་བར་འདོད་པ་དང་། འཁྲུལ་བས་དེ་དག་འཁྲུལ་བར་འདོད་པས་སོ། ག་པུར་ཐིགས་པ་ལས་གསུངས་པ་དེ་ནི་སྤྱིར་ཐུགས་རྗེ་སེམས་དཔའི་འདོད་ཚུལ་ཡིན་པས་ལས། བྱེ་བྲག་ཡང་དག་གཅིག་པུས་འདོད་ཚུལ་ལ་སྦྱར་དགོས་པའི་རྒྱུ་མཚན་གང་མ་མཐོང་།
དྲི་བ་བརྒྱད་པ། འགྲེལ་མེ་ལོང་དགུ་སྐོར་ལས། ཐུགས་རྗེ་སེམས་དཔའི་སྒོམ་པའི་རིམ་པ་འདི་ལྟར་གསུངས་ཏེ། “རྣམ་རིག་གི་ཤེས་པ་གསལ་ལ་ཉམས་སུ་མྱོང་བ་དེ་ཙམ་ལ་སེམས་གཏད།” ཅེས་གསུངས་པས། དེ་འདྲའི་ཤེས་པ་དེ་བློ་རིག་ཉམས་སུ་མྱོང་བའི་རང་རིག་ལྟ་བུར་ངོས་འཛིན་དགོས་སམ། ཡང་ན་གཞན་ཞིག་འདོད། དང་པོ་ལྟར་ན། སྤྱིར་ཐེག་པ་གང་གི་སྒོམ་པའི་རིམ་པ་དེ་ཉིད་རང་རང་གི་ལྟ་བ་ལ་གོམ་པ་བསྐྱེད་པའི་ཆེད་དུ་ལྟ་བ་དེ་ཉིད་ཉམས་སུ་ལེན་པའི་རིམ་པ་ཞིག་ཏུ་འདོད་དགོས་པ་དང་། དེ་ལ་བརྟེན་ནས་རང་རང་གི་འབྲས་བུ་ཐོབ་རྒྱུ་ཡོད་པ་ཞིག་ཡིན། དེ་ལྟར་ན། ཤེས་པ་དེ་འདྲ་ཞིག་ལ་དམིགས་པ་གཏད་ནས་ཉམས་སུ་བླངས་ན་འབྲས་བུ་ཐོབ་ཚུལ་གང་འདྲ་ཡོད་དམ།
དྲི་བ་བརྒྱད་པའི་ལན། རྣམ་རིག་གི་ཤེས་པ་གསལ་ལ་ཉམས་སུ་མྱོང་བ་དེ་ཙམ་ལ་སེམས་གཏད་ཅེས་པའི་གསལ་ལ་ཉམས་སུ་མྱོང་བ་དེ། བློ་རིག་ཉམས་མྱོང་གི་རང་རིག་ལ་འཇོག་པར་མི་རིགས་ཏེ། སྒོམ་པའི་རིམ་པས་ཉམས་སུ་ལེན་བྱ་ནི་རྟོགས་པའི་ལྟ་བ་གང་ཡིན་པ་དེ་རང་ཡིན་པས། འགྲེལ་མེ་ལོང་དགུ་སྐོར་གཙོས་པའི་ཐེག་འགྲེལ་དག་ལས་ཐུགས་རྗེ་སེམས་དཔའི་ལྟ་བ་ནི་བོན་ཐམས་ཅད་སེམས་ཙམ་གྲུབ་པ་དེའམ། བོན་ཐམས་ཅད་ཕྱི་དོན་དུ་གྲུབ་པའི་སྟོང་པ་དེ་ཉིད་གཏན་ལ་དབབ་པ་ཡིན་ནོ། །དེས་ན་གོང་གི་ཉམས་མྱོང་ཤེས་རིག་ཅེས་པ་དེ་ནི་བཟུང་འཛིན་གཉིས་ཀྱི་སྟེང་གི་བོན་གྱི་བདག་གི་སྟོང་ཆའམ་བོན་ཐམས་ཅད་སེམས་ཙམ་དུ་གྲུབ་པ་དེ་ལ་འཇོག་དགོས་པར་སེམས་སོ། །
དྲི་བ་དགུ་པ། རང་ལུགས་ཐེག་ཆེན་དབུ་མ་པའམ་གཡུང་དྲུང་སེམས་དཔའ་དེ་ལ། རོལ་པ་སྐྱེ་མཆེད་ལྟར་སྣང་པ་དང་། མཚན་མ་ཀུན་བྲལ་བ་གཉིས་སུ་དབྱེ་སྟེ། རོལ་པ་སྐྱེ་མཆེད་པ་ལྟར་ན། “སྣང་བ་བོན་ཅན་གཏན་ཚིགས་གཅིག་དང་དུ་བྲལ་གྱིས། ཡང་དག་གིས་སྤྲོས་པ་བཅད་ནས་ཤུགས་ལ་སྐྱེ་མཆེད་རྫུན་མ་ཡོངས་སུ་གཅོད་ཅིང་སྒྲུབ་པའོ། །” ཞེས་པ་དང་། “མཚན་མ་ཀུན་བྲལ་བ་དེ་ལ་གཉིས་སུ་དབྱེ་བའི། མཚན་མ་ཤུགས་སྣང་པས། སྣང་བ་སྒྱུ་མ་ཙམ་ཡང་མི་འགེགས།” ཞེས་རོལ་པ་སྐྱེ་མཆེད་པས་ཡོངས་གཅོད་དུ་བྱེད་པ་དང་། མཚན་མ་ཤུགས་སྣང་པས་སྒྱུ་མ་ཙམ་མི་འགེགས་པའི་ཚུལ་གཉིས་འཇོག་ཚུལ་ཐ་དད་པ་ཡོད་དམ། ད་དུང་མཚན་མ་འགེགས་པའི་ལུགས་ལྟར་ན། “ཚད་མ་དེས་ཀྱང་མེད་དགག་རྣམ་གཅོད་འབའ་ཞིག་ཏུ་བྱེད་པ་ལས་ཡོངས་གཅོད་མི་བྱེད།” ཅེས་པ་དེ་དང་། གཞན་སྡེ་རི་བོ་དགེ་ལྡན་པའི་དབུ་མ་ཐལ་འགྱུར་བའི་ལྟ་བ་མེད་དགག་རྣམ་ཅན་གཉིས་ལ་ཁྱད་པར་ཡོད་མེད་ཅི་ལྟར་ཡིན།
དྲི་བ་དགུ་པའི་ལན། དང་པོ་མཚན་མ་ཤུགས་སྣང་པས། སྣང་བ་སྒྱུ་མ་ཙམ་ཡང་མི་འགེགས། ཞེས་གསུངས་པ་དེ་དང་། རོལ་པ་སྐྱེ་མཆེད་པས་ཡོངས་གཅོད་དུ་བྱེད་ཅེས་པ་དེ་གཉིས་ཀྱི་ཁྱད་པར་ནི། མཚན་མ་ཤུགས་སྣང་བས་སྣང་བ་སྒྱུ་མ་ལྟ་བུར་རིག་ཤེས་ཀྱིས་ཤུགས་ལ་སྣང་བ་ཙམ་ལས་ཚུར་སྒྲུབ་ནས་རྟོགས་པ་མེད་པ་དང་། སྟོང་གཞི་སྣང་བའི་བོན་རྣམས་དོན་ལ་མི་གནས་པའི་སྟོབས་ཀྱིས་རིག་ཤེས་ཀྱིས་ཀྱང་རྟོགས་པ་མེད། གང་ལྟར་ཤུགས་ལ་སྣང་བ་ཙམ་ལས་གང་ཡང་མེད། རོལ་པ་སྐྱེ་མཆེད་ལྟར་སྣང་བས་ཤུགས་ལ་སྣང་བ་མ་ཚད་སྟོང་གཞི་སྣང་བའི་བོན་རྣམས་བདེན་བདེན་པོ་དོན་ལ་གནས་པའི་སྟོབས་ཀྱིས་རིག་ཤེས་ཀྱིས་རྟོགས་པ་ཡོད་པར་འདོད་པ་ཡིན། ཚད་མ་དེ་ལ་དངོས་པོ་སྟོབས་ཤུགས་ཀྱི་ཚད་མ་ཞེས་ཀྱང་བརྗོད་པ་ཡིན་ནོ། གཉིས་པ་མཚན་མ་འགེགས་པས་ཡོངས་གཅོད་མི་བྱེད་ཅེས་གསུངས་པ་དེ་དང་། དགེ་ལྡན་པས་ལྟ་བ་མེད་དགག་རྣམ་ཅན་གཉིས་ལ་ཁྱད་པར་ནི་ལྟ་བ་རང་གི་ངོ་བོའི་ཆ་ནས་ཁྱད་པར་ཅི་ཡང་མེད། དགག་བྱ་འཇོག་ཚུལ་གྱི་ཆ་ནས་རང་ལུགས་བདེན་པ་དང་སྣང་བ་གཉིས་ཆར་དགག་བྱ་རུ་འཇོག་དགོས་པ་སྨོས་མེད་ཡིན་ལ། དབུ་མའི་ཟིན་བྲིས་ལས་དགེ་ལྡན་པས་བདེན་པ་གཅིག་པུ་དགར་བྱར་འདོད་པ་དེ་ནི་རྟ་གཡག་གིས་སྟོང་པ་ལྟ་བུའི་སྐྱོན་འབྱུང་ཚུལ་བརྗོད་པ་ལ་བརྟག་ན་དགག་བྱ་འཇོག་ཚུལ་ལ་མི་འདྲ་བའི་ཁྱད་པར་ཅུང་ཟད་ཡོད་པར་སྙམ་མོ།། །།