བོན་གྱི་མགུར་ལྷ་བཅུ་གསུམ་གྱི་བསང་བརྔན་ནམ་ལོ་རྒྱུས་ཡིག་ཆ་ཡོད་དམ།
རྩོམ་བྲིས་པ། འདི་གའི་རྩོམ་སྒྲིག་པ་དགེ་སྲིད་པའི་མིག་དང་ཁམས་རིག་གྲོལ། དྲི་བ་གཏོང་མཁན། དགེ་ལྷ་གཡག་རག་པ།
དྲི་བ། བོན་གྱི་མགུར་ལྷ་བཅུ་གསུམ་གྱི་བསང་བརྔན་ནམ་ལོ་རྒྱུས་ཡིག་ཆ་ཡོད་དམ།
ལན། བོད་ཀྱི་མགུར་ལྷ་བཅུ་གསུམ་གྱི་སྐོར་རྗེ་རིན་པོ་ཆེས་མཛད་པའི་རྨད་བྱུང་ཁ་སྐོང་ལས། “བོད་ཀྱི་མགུར་ལྷ་བཅུ་གསུམ།” ཞེས་དང་། དེ་བཞིན་མཁྱེན་གསོལ་རྣམ་དག་ཆུ་རྒྱུན་ལས། “ཐང་ལྷ་ཡར་ཞུགས་ལ་སོགས་ཏེ། །མགུར་ལྷ་བཅུ་གསུམ་ཐུགས་དམ་བསྐང་། །” ཞེས་མགུར་ལྷ་བཅུ་གསུམ་གྱི་མཚན་བྱང་སྤྱི་ཙམ་ཞིག་ཡོད་པ་དེས་བྱེ་བྲག་རེ་རེ་བཞིན་སྔོན་བྱུང་གི་བསང་བརྔན་ཁག་ལས་གསལ་ཁ་ཡོད་པ་ཤུགས་རྟོགས་ནུས་ཀྱང་སྐབས་འདིར་དཔེ་ཁུངས་གང་དང་གང་ལ་གསལ་བ་དཔྱད་ཞིབ་ཀྱི་ཆ་རྐྱེན་མ་འདང་ནས་ལུས། འོན་ཀྱང་”སྟོང་རྒྱུང་གི་བརྔན་རིང་ཆེན་མོ”གྲག་པ་དེ་ལས། ཏི་སེ་གངས་དཀར་ལ་སོགས་ཏེ། །རྗེ་ཡི་མགུར་ལྷ་གཉན་པོ་བརྔན། །”ཞེས་པ་དེ་མུས་སུ་ཡུལ་ས་གཞི་བདག་བཅོ་ལྔ་ཙམ་གྱི་མིང་དང་། བཞོན་པ་བཅས་གསལ་པོ་འཁོད་འདུག་པ་རྣམས་བོད་ཡུལ་གཅིག་པོའི་གཞི་བདག་མ་ཡིན་ཀྱང་དེ་དག་མགུར་ལྷ་བཅུ་གསུམ་དང་གོ་བསྡུར་གནང་རིན་ཡོད་པའི་ཚོར་སྣང་བྱུང་། བསམ་གཞིག་དགོས་པ་གཞན་ཞིག་ལ་ཆོས་ཕྱོགས་ནས་གྲངས་བགྲང་བའི་མགུར་ལྷ་བཅུ་གསུམ་པོ་དང་བརྔན་རིང་ཆེན་མོའི་ནང་འཁོད་ཀྱི་མགུར་ལྷ་གཉིས་མིང་མི་འདྲ་ས་མང་བས་ད་ལན་དེ་ཙམ་ལས་ཞུ་ཐབས་བྲལ།
༼གནའ་བོའི་ཞང་བོད་ཚིག་མཛོད་ལས།༽ ” མགུལ་ལྷ་བཅུ་གསུམ་ནི། ཡུལ་ཁ་རག་གཙང་སྟོད་ཀྱི་གཙང་ལྷ་ཕུ་དར་གཉན་པོ། ཡུལ་ཡར་ལུང་སོ་ཀའི་ཡར་ལྷ་ཤམ་པོ། ཡུལ་སྟོད་ལུང་རལ་གསུམ་སྟོད་ལྷ་ཟེ་ཟེ་གཉན་པོ། ཡུལ་སྐྱིད་རོང་གི་སྐྱི་ལྷ་ཕུ་དར་གཉན་པོ། ཡུལ་དབྱི་མ་ཡུལ་དྲུག་གི་དབྱི་ལྷ་ཕུ་དར་གཉན་པོ། ཡུལ་འོལ་ཡུག་འོལ་མཁར་གྱི་འོལ་ལྷ་རྒྱལ་བཟང་། ཡུལ་ནུབ་ཡུལ་གླིང་དྲུག་གི་ནུབ་ལྷ་བརྟན་དྲུག་གཉན་པོ། ཡུལ་ཐང་རོ་རལ་གསུམ་གྱི་གཉན་ཆེན་ཐང་ལྷ། ཡུལ་རྐོང་ཡུལ་གླིང་གྲགས་ཀྱི་རྐོང་ལྷ་མཐོང་དྲུག་གཉན་པོ། ཡུལ་དག་ཡུལ་དབྱི་སྣ་ན་དག་ལྷ་གཉན་པོ། ཡུལ་ཆིབས་ཡུལ་གོང་གསུམ་གྱི་ཆིབས་ལྷ་བྱ་རྨང་གཉན་པོ། ཡུལ་ཉང་ཡུལ་ཤིང་ནགས་ཀྱི་ཉང་ལྷ་ཕུ་དར། ཡུལ་གྲོང་ཡུལ་སྟོད་ཀྱི་གྲོང་ལྷ་དྲང་རྗེ་གཉན་པོ་བཅས་སོ།། ” ཞེས་པ་ཙམ་ལས་དཔེ་ཁུངས་གསལ་བོ་མི་འདུག །