བོན་གྱི་གསུང་རབ་ཁག་ཕྱི་ཡི་སྐད་ཡིག་ཐོག་ཕབ་སྒྱུར་ཞུས་པའི་དཔེ་དེབ་དེ་འདྲ་གང་དང་གང་ཡོད།
རྩོམ་བྲིས་པ། དགེ་བཤེས་བསྟན་འཛིན་སྦྱིན་པ། དྲི་བ་འདོན་མཁན། རྩོམ་སྒྲིག་པ།
ལན། སྐབས་འདིར་དབྱིན་སྐད་ཐོག་བཞུགས་པའི་བོན་གྱི་དཔེ་དེབ་རེ་འགའ་ངོ་སྤྲོད་ཞུས་ན་དྲན་ཡོད། ད་ལྟ་ངའི་ལག་ཏུ་ཐོབ་པའི་དཔེ་དེབ་འགའ་ཤས་མཚམས་སྦྱོར་བྱས་ན་འདི་ལྟར།
(1) The nine ways of Bon ཞེས་གཟི་མདོ་དྲི་མེད་གཟི་བརྗིད་ནང་གི་ཐེག་དགུའི་སྐོར་དབྱིན་སྒྱུར་ཞུས་པའི་དཔེ་དེབ་འདི་ཉིད་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་(སློབ་དཔོན་བསྟན་འཛིན་རྣམ་དག)མཆོག་ཆིག་སྟོང་དགུ་བརྒྱ་དྲུག་ཅུའི་ནང་དབྱིན་ཇིའི་མཐོ་སློབ་ London University ཏུ་བཞུགས་པའི་དུས་སུ་བོད་རིག་པའི་ཞིབ་འཇུག་མཁས་དབང་ཆེན་མོ་ཌཝིཌ་སནེལ་གྷུ་རོའུ་(David Snellgrove)དང་ལྷན་དུ་ཕྱག་ལས་གནང་བ་ཞིག་ཡིན། འདི་ནི་ཕྱི་རབས་བོན་གྱི་ལོ་རྒྱུས་ཐོག་སངས་རྒྱས་གཡུང་དྲུང་བོན་གྱི་རིག་པའི་གཞུང་ལུགས་ཁག་ལས་ཇི་ལྟར་གསལ་བ་བཞིན་ནུབ་ཕྱོགས་ཀྱི་སྐད་ཡིག་ཐོག་ཕབ་སྒྱུར་བྱས་པའི་བོན་དཔེ་དང་པོ་དེ་ཡིན།
དཔེ་དེབ་འདི་ཉིད་འགྲེམ་སྤེལ་བྱས་པ་ནས་བཟུང་ནུབ་གླིང་གི་མཁས་པ་དང་། ཉམས་ཞིབ་པ་མང་པོ་ཞིག་གིས་བོན་གྱི་སྐོར་ལ་གོ་རྟོགས་རྣལ་མ་རྙེད་པ་མ་ཟད་སྔར་དང་མི་འདྲ་བའི་ཞིབ་འཇུག་གི་ལམ་ཁ་གསར་པ་ཞིག་ཕྱེས་པ་རེད། དཔེ་དེབ་འདི་ཉིད་ ༡༩༦༧ ལོར་དཔར་ཐེངས་དང་པོ་ Oxford University Press New York, Toronto ཞེས་པའི་མཐོ་སློབ་གི་སྡེ་ཁག་དེས་དཔར་སྐྲུན་ཞུས་ཏེ་འགྲེལ་ཡོད་སྡེ་ཚན་བརྒྱུད་ནས་འགྲེམ་སྤེལ་དང་མཁོ་འདོན་ཞུས་ཡོད། ཡིན་ནའང་བར་སྐབས་དཔེ་དེབ་འདི་ཉིད་ཧ་ཅང་དཀོན་པོར་གྱུར་ནས་ཕྱི་རྒྱལ་བོན་ཉམས་ཞིབ་གནང་མཁན་མི་ཉུང་བ་ཞིག་ལ་བོན་དཔེ་ངོ་མ་དཔྱད་གཞིར་བཟུང་ནས་དཔྱད་བརྗོད་སྤེལ་རྒྱུའི་ཆ་རྐྱེན་ཐད་དཀའ་ཚེགས་འཕྲད་པར་བརྟེན་སླར་ ༢༠༡༠ ལོར་དཔར་ཐེངས་གཉིས་པ་དཔར་ཏེ་དེང་སང་ཕྱི་གླིང་དུ་ཡོད་པའི་བོད་ཀྱི་སློབ་གཉེར་ཁང་དང་། མཐོ་རིམ་དཔེ་མཛོད་ཁང་བཅས་འབྲེལ་ཡོད་ཁག་ལ་མཇལ་རྒྱུ་ཡོད།
(2) The Heat Drops Of Dharmakaya ཞེས་པའི་དཔེ་དེབ་འདི་ནི་ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་མཛད་པའི་ཀུན་བཟང་སྙིང་ཐིག་དེ་ཉིད་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་(སློབ་དཔོན་བསྟན་འཛིན་རྣམ་དག)མཆོག་གིས་དབྱིན་ཇི་བ་གསོ་རིག་མཁས་ཅན་རི་ཆར་ཌིག་སིས་(Richard Dixey)དང་ལྷན་དུ་དབྱིན་ཡིག་ཐོག་དོན་སྒྱུར་གནང་བ་ཞིག་ཡིན། དེབ་འདི་ཕྱི་ལོ་ ༡༩༩༣ ལོར་ Snow Lion Publications Ithaca New York, ཞེས་པའི་དཔར་སྐྲུན་གྱི་སྡེ་ཚན་དེ་ནས་ཐེངས་དང་པོ་འགྲེམ་སྤེལ་ཞུས། དཔེ་དེབ་འདི་ལ་ཕྱི་རྒྱལ་བ་སེམས་ཁམས་རིག་པ་སྨྲ་བ་མང་པོ་ཞིག་གིས་དཔྱད་གཞི་དང་ཉམས་ལེན་བྱེད་ཀྱིན་ཡོད། སླར་ཕྱི་ལོ་ ༢༠༠༢ ལོར་སྐྱར་སྐྲུན་བྱས་པ་དང་དེ་བཞིན་དབྱིན་སྐད་གཙོས་ཕྱི་ཡི་སྐད་རིགས་བཅུ་ཙམ་གྱི་ཐོག་ནས་བསྒྱུར་སྤེལ་ཞུས་ཡོད་པ་མ་ཟད་དཔེ་དེབ་གྲགས་ཅན་གྱི་གྲས་སུ་འདེམས་ཐོན་ཡང་བྱུང་ཡོད་པ་རེད།
(3) The Twenty-One Nails ཞེས་པའི་དཔེ་དེབ་འདི་ནི་ཞང་ཞུང་སྙན་རྒྱུད་ནང་གི་གཟེར་བུ་ཉེར་གཅིག་རྩ་བ་དེ་ཉིད་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་(སློབ་དཔོན་བསྟན་འཛིན་རྣམ་དག)མཆོག་གིས་དོན་འགྲེལ་སློབ་ཁྲིད་དང་སྦྲགས་སློབ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་མཉམ་འབྲེལ་ཕྱག་ལས་གནང་ནས་དམིགས་བསལ་འཁོར་སློབ་བོན་ལ་དད་ཞེན་ཆེ་བ་རྣམས་ཀྱིས་རེ་འབོད་བཞིན་སློབ་མ་(Anne Klein, Annette Jones, Steven Tainer,)གསུམ་གྱིས་དབྱིན་སྐད་ཐོག་ཕབ་སྒྱུར་ཞུས་ནས་སློབ་མ་(Peter Harcy, John Carlton, Mark Hoyer, Andreas Wehowsky,)བཞི་ཡིས་དཔར་སྐྲུན་སྦྱིན་བདག་ཞུས་ཏེ་ཕྱི་ལོ་ ༡༩༩༦ ལོར་དཔར་བ་ཞིག་ཡིན། དཔེ་དེབ་འདིར་དེབ་རེར་ཨང་གྲངས་རེ་ཡོད་པ་མ་ཟད་ཚར་གྲངས་ག་ཚད་བསྐྲུན་པ་དང་། དེབ་རེ་རེ་བཞིན་སློབ་མ་སུ་དང་སུའི་ལག་ཏུ་ཐེབས་ཡོད་མེད་ཀྱང་ཤེས་ཀྱིན་ཡོད་པས་འདི་ནི་གང་བྱུང་མང་བྱུང་འགྲེམ་སྤེལ་དང་ཚོང་ཟོག་ཏུ་བསྒྱུར་མི་བཏུབ་པ་ཞིག་གནང་ཡོད་པ་གོ་ཐོས་བྱུང་། ད་ལམ་ཕྲན་གྱི་ལག་ཏུ་ཐོབ་པ་འདི་ནི་དཔེ་དེབ་ཨང་བཅུ་གཅིག་པ་དེ་རེད་འདུག
(4) Unbounded Wholeness ཞེས་པའི་དཔེ་དེབ་འདི་ནི་མཁས་པ་ལི་ཤུས་མཛད་པའི་གཏན་ཚིགས་གལ་མདོ་རིགས་པའི་ཚད་མ་དེ་ཉིད་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོས་ལམ་སྟོན་དོགས་སེལ་དང་སྦྲགས་སློབ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་། ཕྱི་རྒྱལ་གྱི་མཁས་དབང་མ་(Anne Carolyn Klein)གཉིས་ཀྱིས་དབྱིན་བསྒྱུར་དང་བསམ་ཚུལ་བཀོད་པ་ཞིག་ཡིན། དེབ་འདི་ཕྱི་ལོ་༢༠༠༦ ལོར་དབྱིན་ཇིའི་གྲགས་ཅན་དཔེ་སྐྲུན་ཁང་Oxford University Press ནས་དཔར་བསྐྲུན་དང་འགྲེམ་སྤེལ་ཞུས་ཡོད།
(5) ད་དུང་མཁས་དབང་མཁར་རྨེ་བསམ་གཏན་ལགས་ཀྱིས་བསྒྱུར་སྤེལ་ཞུས་པའི་བོན་དཔེ་ཤར་རྫའི་ལེགས་བཤད་མཛོད་ཡོད་ཀྱང་ད་ལམ་བསྒྱུར་དཔེ་ལག་ཏུ་མ་སོན་སྟབས་གསལ་འགྲེལ་ཞུ་མ་ཤེས། །དེར་མཚུངས་ཕྱིས་སུ་བསྒྱུར་སྤེལ་ཞུས་པའི་བོན་དཔེ་ཁག་འགའ་ཤས་ཡོད་ཀྱང་དཔེ་དེ་ཚོ་ལག་ཏུ་མ་སོན་བར་ངོ་སྤྲོད་རེ་ཞིག་བཞག་གོ།
ཕྱི་ལོའི་ ༢༠༡༤ ཟླ་ ༠༣ ཚེས་ ༡༥ ཉིན་གྲོགས་པོས་ཤེས་འདོད་བྱས་པ་ལྟར་ངོ་སྤྲོད་རོབ་ཙམ་འདི་མེ་ལོང་གིས་ཕུལ།