བོན་གྱི་གདུང་རྒྱུད་ཀྱི་སྡེ་དྲུག་ཅེས་པའི་སྐོར་ལ་གླེང་བ།
རྩོམ་བྲིས་པ། དགེ་སྲིད་པའི་མིག
བོན་གྱི་གདུང་རྒྱུད་ཀྱི་སྡེ་དྲུག་ཅེས་པའི་སྐོར་ལ་གླེང་བ།
ཁ་སྔོན་ ” གནས་མཆོག་འོལ་མོ་ལུང་རིང་ན་གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་ཡོད་པ་བཞིན་བོད་གངས་ཅན་དུ་ཡང་གདུང་དེའི་ཚབ་ལྟ་བུར་དྲུག་དུ་རྩིས་པ་འདྲ་བསམ།” ཞེས་བདག་མེད་འཇག་སྐྱའི་བློ་གྲོས་ཀྱི་སྒོ་བསྟན་པ་ལས་བསམ་ཚུལ་གོ་བསྡུར་བའི་ཆེད་དུ་གཤམ་ནས་ལུང་འགའ་འགོད་པར་འདོད།
དེ་ཡང་འོལ་གླིང་གི་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་ནི། ༡) གཤེན་ལྷ་དམུ་ཡི་གདུང་རྒྱུད། ༢) གལ་ཆེན་ཤགས་ཀྱི་གདུང་རྒྱུད། ༣) གསས་ཆེན་ཧོས་ཀྱི་གདུང་རྒྱུད། ༤) གནམ་རྗེ་དཔོ་ཡི་གདུང་རྒྱུད། ༥) རྒོད་རྗེ་རྒྱ་ཡི་གདུང་རྒྱུད། ༦) མཁའ་འགྱིང་གཉན་གྱི་གདུང་རྒྱུད་དང་དྲུག་ལ་ངོས་འཛིན་གནང་ཡོད།
བོད་ཀྱི་མིའི་གདུང་རྒྱུད་གྲོལ་ཚུལ་གྱི་དབང་དུ་བྱས་ན། མཁན་ཆེན་ཉི་མས་བོད་ཀྱི་མི་ཡི་རུས་རྒྱུད་བོད་མི་བུ་གཉན་ཚ་སྤུན་དྲུག་ལ་གཏུགས་འདུག་པ་ནི་འདི་ལྟར། “བོད་ནི་མ་སྤེ་རིང་མོ་ཡིན་”ཞེས་དང་། “བོད་མ་སྤེ་རིང་མོའི་སྲས་བོད་རྗེ་གདོང་དཀར་ཡིན། དེ་ཡི་སྲས་བོན་རྗེ་འཛོམ་འབྲང་ཡིན། དེ་དང་གཉན་ལྕམ་དཀར་མོ་བཤོས་པའི་སྲས། བོད་མི་བུ་གཉན་ཚ་སྤུན་དྲུག་བྱུང་སྟེ། ༡༽སེང་ཁྱུང་དབྲ་དང་། ༢༽དམུ་ཚ་སྒ་དང་། ༣༽ཨ་བ་ལྡོང་དང་། ༤༽ཨ་ལྕགས་འགྲུ་དང་། ༥༽ལྷ་སྡེ་སྒོ་དང་། ༦༽དབལ་གདའ་གཉིས་སོ། །དེ་ལ་དབྲ་རིགས་དཀར་ནག་ཁྲ་གསུམ། སྒ་རིགས་རྩེ་ཁྲམ་བདུན་པ། ལྡོང་རིགས་རུས་ཁམས་བཅོ་བརྒྱད། འགྲུ་རིགས་ཆེ་འབྲིང་ཆུང་གསུམ། སྒོ་རིགས་ལྷ་སྲས་བུ་དགུ། དབལ་གདའ་གཉིས་ཀྱི་རིགས་སོགས་བོད་དང་བོད་ཆེན་གྱི་མི་རྒྱུད་ཐམས་ཅད་གྲོལ།” ཞེས་གསུངས་སོ། །
ཡང་རུས་མཛོད་མེ་ཏོག་སྐྱེ་ཚལ་ནས་ལུང་དྲངས་པ་འདི་ལྟར། “དང་པོ་ནི། དེ་ལ་བོན་ལུགས་ལྟར་ན་སྲིད་པ་བོན་བུ་ལུམ་བུམ་དང་། ཡུམ་ཆུའི་རྒྱལ་མོ་འབུམ་གཉིས་ཀྱི་བརྒྱུད་པར། ཕྱྭ་དམུ་གཙུག་གསུམ་རྒོས་དང་བཞི་ནས་རིམ་པར་བརྒྱུད་ནས་སྲིད་པའི་རྒྱལ་བུ་མཐིང་གི་བར་མཆེད་ཚུལ་ལྟར་བྱུང་ལ། གོང་དུ་བཤད་པ་ལྟར་གྱི་སྔར་བོད་མི་བྱུང་ཚུལ། སྤྲེའུ་བྱང་ཆུབ་སེམས་དཔའ་རང་ཉིད་ཀྱིས་རང་གི་བུ་དང་ཚ་རིགས་རྣམས་ལ་ཟང་ཟིང་གི་སྦྱིན་པའི་སྐབས་སུ་བཞི་བརྒྱ་བོ་རྣམས་ཚན་བཞིར་བཅད་དེ་སོ་སོར། བསེ་དང་། དམུ་དང་། ལྡོང་དང་། སྟོང་སྟེ་མིང་བཞི་བཏགས་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ལུང་བསྟན་པ་ལྟར་རིགས་བཟང་ངན་གཉིས་སུ་དབྱེ་བ་ཕྱེ་ནས་བཟུང་སྟེ་རང་ཚན་དེ་རྣམས་རང་ཚན་རང་ཚན་བྱས་ནས་ཕན་ཚུན་མ་འདྲེས་པར་ཡུན་དུ་གནས་པ་ལ། ཆོས་ཀྱི་སྦྱིན་པའི་སྐབས་སུ་རིགས་བཟང་ངན་ཡང་ཤེས་ཆེ་བར་མངོན་ལ། དེ་ནས་རིགས་བཟང་བོ་རྣམས་ཀྱི་རང་ཤུགས་ཀྱིས་ལས་རྣམས་བསྒྲུབ་ལ་དེའི་བོད་ཀྱི་ཡུལ་ལྷ་རྣམས་དྭངས་པ་ཆེན་པོས་མཆོད་པས། དེ་དག་རྣམས་ལ་ཞིང་བོ་ཞེས་ཟེར་ལ། ཕྱིས་དེ་རྣམས་ཀྱི་རིགས་ལ་ཞིང་བོ་ལྷ་རིགས་རྒོ་ཡང་ཟེར་བར་མངོན་པས་ ༡) ལྷ་རིགས་སྒོ་དང་། བསེ་ཡི་ནང་གི་བཟང་བོ་གཙོ་བོ་རྣམས་ལ་ ༢) བསེ་ཁྱུང་སྦྲ། དེ་བཞིན་དུ་དམུ་ཡི་ནང་གི་རིགས་བཟང་བོ་གཙོ་བོ་རྣམས་ལ་ ༣) དམུ་ཚ་སྒ། ལྡོང་གི་ནང་གི་རིགས་གཙོ་བོ་རྣམས་ལ་ ༤) ཨ་སྤོ་ལྡོང་། སྟོང་གི་ནང་གི་རིགས་བཟང་བོ་རྣམས་ལ་ ༥) ཨ་ཐང་འབྲུ་ཞེས་བརྗོད་པ་འདིའོ། །” ཞེས་གསལ་བ་ལྟར་ན་རུས་མཛོད་མེ་ཏོག་སྐྱེ་ཚལ་ལས་གསུངས་པ་དང་མཁས་ཆེན་ཉི་མས་གསུང་ཚུལ་གཉིས་ཅུང་ཙམ་མི་མཐུན་པ་འདུག་གོ། རྩ་བའི་རུས་མཛོད་མེ་ཏོག་སྐྱེ་ཚལ་ལས་བོད་ཀྱི་རུས་ཆེན་བཞི་ལས་མ་བརྩིས་ཀྱང་ཕྱིས་སུ་མཁས་པ་ཁ་ཤས་ཀྱིས་ལྷ་རིགས་སྒོ་ཡར་སྣོན་པ་མ་ཟད་སྟོང་ལ་དབལ་ཟླ་གཉིས་བརྩིས་ནས་རུས་ཆེན་དྲུག་ཏུ་འབྲང་སྲོལ་དེ་འདྲ་ཡང་བྱུང་འདུག །ཚུལ་འདི་འདྲ་ལ་བསྟེན་ནས་བོན་གྱི་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་ཅེས་པའི་ཐ་སྙད་ཀྱང་རྗེས་སུ་རིགས་འགྲེ་བྱས་པ་ཞིག་ཡིན་མི་སྲིད་པའང་མ་རེད།
དེ་ལྟར་ཐ་སྙད་འདོགས་པའི་རྨང་གཞི་ཡང་གཤེན་ཆེན་ཀླུ་དགའ་ནས་བཟུང་ཁོང་དང་ཁོང་གི་བཀའ་བབ་བུ་ཆེན་བཞི། དེ་བཞིན་ཁྱུང་གི་གདན་ས་བཅས་དེའི་ཚེ་དེའི་དུས་ན་གཡུང་དྲུང་བོན་འཛིན་སྐྱོང་སྤེལ་གསུམ་བྱ་སའི་ལྟེ་གནས་ལྟ་བུ་གྱུར་པ་མ་ཟད་ཡུན་རིང་བཤད་སྒྲུབ་སྒོམ་གསུམ་གྱི་གནས་གཞི་ཚུགས་ཏེ་གདུང་རྒྱུད་ཆེ་ཁག་དེ་དག་གི་བླ་མས་འཛིན་སྐྱོང་གནང་བའི་ལོ་རྒྱུས་རང་རེའི་བསྟན་འབྱུང་ཁག་ལ་གསལ་ཡོད་པ་ལྟར་གྲངས་ཀ་དྲུག་ཏུ་བགྲང་དགོས་པའི་རྒྱུ་མཚན་ཡང་དེ་འདྲ་ཞིག་ལ་ཐུག་མེད་དམ་སྙམ།།