བོན་གཞུང་གང་གི་ནང་ལ་དྭགས་ཀྱི་ལོ་རྒྱུས་གསལ་ཡོད་དམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། འགྱུར་མེད་ཚེ་རིང་།
དྲི་བ། བོན་གཞུང་གང་གི་ནང་ལ་ད་ལྟ་བོད་དང་འདབས་འབྲེལ་ཆགས་པའི་ལ་དྭགས་ཀྱི་ལོ་རྒྱུས་གསལ་ཡོད་དམ།
ལན། སྤྱིར་ད་ལྟའི་འབོད་ཀྱིན་པའི་ ” ལ་དྭགས་ ” ཞེས་པའི་ཡུལ་སྤྱིའི་མིང་རྙིང་པ་ནི་མཁས་པ་རྣམས་ཀྱིས་ ʼʼ མར་ཡུལ་ ʼʼ ཡིན་པར་བཤད། དེ་བཞིན་གཞན་སྡེའི་མཁས་པ་ཚོས་ཡུལ་དེའི་རི་བརྒྱུད་ཀྱི་མདོག་དམར་པོ་ཡོད་པས་དམར་ཡུལ་དེ་ཟུར་ཆག་ནས་མར་ཡུལ་ཆགས་པ་རེད་ཟེར་མཁན་འདུག འོན་ཀྱང་ཞང་བོད་ཁུངས་དག་གི་ཐ་སྙད་རྣམས་ལ་དཔྱད་པ་བྱ་ཚེ་གོང་གི་ ʼʼ མར་ཡུལ་ ʼʼ ནི་ཞང་སྐད་གཤའ་མ་ཞིག་སྟེ། ཞང་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་གནང་མཁན་རྒྱལ་སྤྱིའི་བོད་རིག་པའི་མཁས་པ་རྣམས་ཀྱིས་མར་ཡུལ་ནི་ʼʼ མར་ ʼʼ ནི་གསེར་ཏེ་ ʼʼ གསེར་ཡུལ ʼʼ ཞེས་པ་དང་། ཡང་འགའ་ཞིག་གིས་མར་ཟངས་ལ་གོ་བས་ ʼʼ ཟངས་ཡུལ ʼʼ ཞེས་བསྒྱུར་མཁན་བྱུང་ཡོད། དེ་བཞིན་རང་རེའི་སྲིད་པའི་མཛོད་ཕུག་གཙོས་པའི་ཞང་བོད་ཀྱི་སྒྲ་འགྲེལ་རྣམས་སུ་ʼʼ མར་ ʼʼ ནི་གསེར་དང་། ཟངས། དེ་བཞིན་བཟང་པོ་སོགས་ལ་གོ་བ་ཡོད་པར་གསུངས་ཡོད་པ་ལྟར། གོང་གི་གསེར་ཡུལ་དང་། ཟངས་ཡུལ། ད་དུང་བཟང་ཡུལ་སོགས་གང་ཞིག་འགྲེལ་ནའང་སྐྱོན་མེད་སྙམ།
ལ་དྭགས་སམ་མར་ཡུལ་གྱི་སྐོར་བོན་གཞུང་རྣམས་ལས་གཙོ་བོ་ཞང་བོད་ཀྱི་ལོ་རྒྱུས་འཆད་སྐབས་ཐ་སྙད་དེ་མང་དུ་ཐོན་བཞིན་ཡོད། དཔེར་ན་གངས་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་གཙོས་པའི་བོན་གྱི་བསྟན་བྱུང་ཁག་ནང་། ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་འཆད་སྐབས། ʼʼ ཞང་ཞུང་ལ་དྭགས་ཡུལ་དུ་ཉེ་ལོ་ཝེར་ཡ་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན་དང་། ʼʼ ཞེས་དང་། ཡང་ʼʼ ཞང་ཞུང་ཙི་ཎའི་ཡུལ་དུ་སྟག་སྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན། ʼʼ ཞེས་དང་། འདི་ལ་༧སྨན་རིའི་ཡོངས་འཛིན་མཆོག་གིས་ས་གནས་དེ་ལ་དྭགས་ཀྱི་སྟག་སྣ་ཞེས་པའི་ས་གནས་དེ་ཡིན་མིན་དཔྱད་པའང་གསུངས་ཡོད། མདོར་ན་ཞང་ཞུང་གི་རྒྱལ་རབས་འཆད་སྐབས་མར་ཡུལ་དང་ཁུ་ནུ་སོགས་རང་བཞིན་གྱིས་འཆད་དགོས་པ་འདྲ་ཞིག་ཆགས་བསྡད་ཡོད་པར་སྣང། དེ་བཞིན་ཞང་ཞུང་གི་བོན་སྐོར་མགོན་པོ་རྣམ་གསུམ་གྱི་གནས་རི་སོགས་བཞུགས་པའི་ལོ་རྒྱུས་མཇལ་རྒྱུ་ཡོད་པར་བཞེད་མཁན་ཡང་འདུག་ཞུ། །