བོད་དུ་དུས་རབས་བདུན་པའི་གོང་རྩིས་ཀྱི་རིག་གནས་ཡོད་པའི་སྒྲུབ་བྱེད་ཇི་ལྟར་ཡོད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་སུ་བོན་ཤེས་པ་ཅན་བཅུ་གཉིས་དར་བ་ཡོངས་གྲགས་ཡིན་ལ། སྐབས་དེའི་བརྒྱད་པ་གཏོ་ཤེས་རྩིས་མཁན་ཞེས་པ་རྩིས་ཀྱི་རིག་གནས་གལ་ཆེན་ཞིག་ཡིན་པ་དང་། དེ་བཞིན་བོད་རྒྱལ་གནམ་གྱི་ཁྲི་བདུན་གྱི་མཐའ་མ་སེང་ཁྲི་བཙན་པོའམ་སྲིབ་ཁྲི་བཙན་པོའི་སྐབས་སུའང་བོན་གྱི་མདོ་སྡེ་ལས། “དེ་ཙམ་ན་ནག་པོ་རྒྱ་དང་ཞང་ཞུང་གཉིས་ཀྱིས་གཙུག་ལག་གི་བསྟན་བཅོས་བསྒྱུར་ནས་བོད་དུ་དར” ཞེས་དང་། དེ་དང་འདྲ་བར་གྲི་གུམ་བཙན་པོས་བོན་བསྟན་སྣུབ་སྐབས་ཀྱང་། “འབངས་ལོ་ངམ་གྱིས་རྒྱལ་པོ་གྲི་རུ་བཀྲོངས་ཏེ། སྤུར་ཟངས་ཁ་སྤྲོད་དུ་བཅུག་སྟེ་ཉང་ཆུར་སྐྱུར་ནས་མ་རྙེད་སྟབས། སྲས་སྤུ་ལྡེས་ཉང་སྟོད་སྟག་ཚལ་དུ་རྩིས་མཁན་མཁས་པ་ཞིག་ལ་རྩིས་སྐོར་དུ་བཅུག་ནས་རྒྱལ་པོའི་སྤུར་རྙེད་”པའི་ལོ་རྒྱུས་འདི་དག་གིས་གནམ་གྱི་ཁྲི་བདུན་སྐབས་ནས་བོད་ཀྱི་རྩིས་རིག་དར་རྒྱས་ཆེན་པོ་ཡོད་པར་ཤེས་ཐུབ། །