བོད་གངས་ཅན་ལྗོངས་སུ་གཡུང་དྲུང་བོན་གྱི་བསྟན་པ་སྔ་དར་ཟེར་ན་གང་རེད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཟླ་བ།
དྲི་བ། བོད་གངས་ཅན་ལྗོངས་སུ་གཡུང་དྲུང་བོན་གྱི་བསྟན་པ་སྔ་དར་ཟེར་ན་གང་རེད།
ལན། དེའང་མདོ་སྔགས་གཉིས་ལས། མདོ་ཕྱོགས་ནི། ཕྱི་ལོ་སྔོན་ ༡༡༩༦ ལོར། རྟག་གཟིགས་ཀྱི་མཁན་པོ་རྫུ་འཕྲུལ་ཡེ་ཤེས་ཀྱིས་སྟོན་པའི་གདུང་ཤ་རི་རམ་ལྔ་བརྒྱ་དང༌། འདུལ་བ་རྒྱུད་དྲུག་སོགས་བོན་སྡེ་མང་པོ་རྟག་གཟིགས་ནས་བསྣམས་ཕེབས་ཏེ། ཞང་ཞུང་སྤོས་རི་ངད་ལྡན་གྱི་ཤར་བརྒྱུད་ཏྲག་ལུང་ན་བ་དམར་ལྡིང་བོན་ཕུག་ཏུ་དྲུང་མུ་ཁྲི་རྩེའི་ལྷ་སྡེ་ཆེན་པོ་སོགས་བཞེངས་ནས་ཞང་བོད་ཁམས་སུ་འདུལ་བསྟན་དབུ་ཚུགས་པ་ནས་བོད་རྒྱལ་གསུམ་པ་དིང་ཁྲི་རྩད་པོའི་ཡན་དང་།
སྔགས་ཕྱོགས་ནི། ཕྱི་ལོའི་སྔོན་ ༡༡༣༧ ལོར་རྗེ་གཉའ་ཁྲི་བཙན་པོ་བོད་རྗེ་ཐོག་མར་མཚན་གསོལ་བ་ནས་བཟུང༌། གཉའ་ཁྲི་བཙན་པོས་གཡུང་དྲུང་ལྷ་རྩེའི་གསས་ཁང་ཕྱག་བཏབ། ལྷག་པར་བོད་རྒྱལ་གཉིས་པ་མུ་ཁྲི་བཙད་པོས་སྟོད་ཁྱུང་ལུང་དངུལ་མཁར་ནས་དམའ་ཤེལ་ལེ་རྒྱ་སྐར་ཁྱུང་པོ་རྩེ་དྲུག་ཡན་ཆོད་ལ་སྔགས་ཀྱི་སྒྲུབ་སྡེ་སུམ་ཅུ་རྩ་བདུན་ཕྱག་བཏབ། གྲི་གུམ་བཙན་པོའི་སྐབས་དབུས་ཕྱོགས་སུ་བོན་བསྟན་ཅུང་ཉམས་པས་དེའི་ཡན་ལ་བོན་བསྟན་སྔ་དར་ཟེར།
སྐབས་འདིར་བོན་བསྟན་བར་དར་ཟེར་བ་ཞིག་ཀྱང་ཡོད་པས། མདོ་ཕྱོགས་ནི། ཡ་གོང་དང་ཕམ་ཤི་གཉིས་ཀྱི་འདུལ་སྡེ་འཁྲུག་ནས་མུ་ཟི་གསལ་བཟང་འགོག་པ་ལ་བཞུགས་པའི་བར་དང་། སྔགས་བསྟན་ནི། བོད་རྒྱལ་དགུ་པ་སྤུ་ལྡེ་གུང་རྒྱལ་ནས་ཁྲི་སྲོང་ལྡེའུ་བཙན་བར་ཡིན།