བུ་རིག་པའི་ཡེ་ཤེས་ངོ་སྤྲོད་སྐབས་ཀྱི་ཉམས་དེ་ཚོ་འཆར་སྟངས་རྣམ་པ་མ་འདྲ་བ་འདུག་གམ།
རྩོམ་བྲིས་པ། དགེ་བཤེས་སྐལ་བཟང་སྨོན་ལམ། དྲི་བ་འདོན་མཁན། དགེ་བཤེས་བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།
དྲི་བ། དགེ་བཤེས་རྣམས་པ་ལགས། ཉམས་རྒྱུད་གཞུང་ལྟར། བུ་རིག་པའི་ཡེ་ཤེས་ངོ་སྤྲོད་སྐབས། དྲན་མེད་དུ་ཧད་དེ། གཏད་མེད་དུ་ཕྱོད་དེ། རྟོག་མེད་དུ་རྗེན་ནེ། འཛིན་མེད་དུ་ཧྲིག་གེ་ཞེས་པའི་ཧད་དེ་དང་། ཕྱོད་དེ། རྗེན་ནེ། ཧྲིག་གེ་སོགས་ཀྱི་ཉམས་འཆར་སྟངས་རྣམ་པ་མ་འདྲ་བ་འདུག་གམ།
ལན། གོང་གི་དྲི་བ་བཞིན་ཉམས་འཆར་ཚུལ་མི་འདྲ་བ་མེད་ལ་རྩལ་ཤར་གྱི་རང་རིག་ངོ་འཕྲོད་པའི་ཚེ་ན་བློ་དྲན་རིག་གི་ཤེས་པ་རང་གྲོལ་དུ་སོང་ནས་བསམ་མེད་དུ་གནས་པས་དྲན་མེད་དུ་ཧད་དེ་བ་དང་། དམིགས་གཏད་ཀྱི་བློ་ཡིས་རྩོལ་བ་མེད་ཀྱང་བྱར་མེད་ཀྱི་ཡོན་ཏན་ཐམས་ཅད་ངང་གི་འབྱུང་བས་གཏད་མེད་དུ་ཕྱོད་དེ་བ་དང་། རྟོག་འཛིན་གྱིས་ཡུལ་ལ་གསལ་བ་མེད་ཀྱང་སྣང་སྲིད་ཀྱི་བོན་ཐམས་ཅད་མ་འགག་པ་གསལ་བར་གཟིགས་པས་ན་རྟོག་མེད་དུ་རྗེན་ནེ་བ་དང་། ཆེད་དུ་འཛིན་པ་དམ་དུ་བཟུང་བ་མེད་ཀྱང་ཡུལ་ལ་གཡོ་བ་མེད་པར་གནས་པས་ཧྲིག་གེ་བ་དང་། ཡོན་ཏན་དེ་བཞི་དང་ལྡན་པའི་སྒོ་ནས་གང་ཟག་རང་གིས་མྱོང་བ་ཡོད་པའི་སྟེང་ནས་དེ་ལ་ཡིད་ཆེས་ཐག་ཆོད་ན་གནས་ལུགས་ངོ་སྤྲད་པའི་དོན་དེ་ཡིན་པར་སེམས། །
(རྩོམ་ཡོང་ཁུངས་དགེ་བཤེས་གླིང་།)