བསྡུ་བ་རྣམ་བཞིའི་སྒོ་ནས་བོན་འཆད་སྟངས་ཇི་ལྟར་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། མཆོག་རྒྱལ།
དྲི་བ། བསྡུ་བ་རྣམ་བཞིའི་སྒོ་ནས་བོན་འཆད་སྟངས་ཇི་ལྟར་ཡིན།
ལན། གདུལ་བྱ་འཁོར་དུ་མ་འདུས་པ་རྣམས་བསྡུ། འདུས་པ་རྣམས་སྨིན། སྨིན་པ་རྣམས་གྲོལ། གྲོལ་བ་རྣམས་མཐའ་རུ་ཕྱིན། ཞེས་དང་། དེའང་མདོ་ལས། སྦྱིན་པའི་གཡབ་མོ་ལེགས་བོས་ལ། སྙན་པར་སྨྲ་བའི་གཏམ་སྨྲས་ཤིང་། །དོན་ཡོད་སྤྱོད་པའི་བག་ཕེབས་ཏེ། །དོན་མཐུན་བློ་གྲོས་ངེས་པར་གདབ། ཅེས་གསུངས་པ་ལྟར། ཐོག་མར་ཕ་རོལ་པོ་གང་ཞིག་རྣམ་དཀར་དགེ་བའི་ལས་ལ་གཞུག་ཐབས་ཆེད་ཁོང་ཚོར་དགོས་པའི་བརྔན་ཡོན་དང་ལག་རྟགས་སོགས་དངོས་པོ་ཆེ་ཆུང་གང་རིགས་སྦྱིན་ནས་ཚུར་བློ་འགུག་ཐབས་བྱ་དགོས་པ་དང་། དེ་རྗེས་ཕ་རོལ་པོའི་ཡིད་དགེ་ལས་ལ་ཕྱོགས་པའམ་སྔོན་བྱོན་སྐྱེས་ཆེན་རྣམ་པའི་མཛད་པ་ལ་དྭངས་བ་འདྲེན་ཆེད་གཏམ་རྒྱུད་སྙན་པོའི་རིགས་མང་ཙམ་གསུངས་དགོས། དེ་རྗེས་སོ་སོ་རང་ཉིད་སྤྱོད་ལམ་རྣམ་བཞི་ཚུལ་དང་མཐུན་པར་བྱ་སྟེ་དོན་ལྡན་ཚིག་ཉུང་གདུལ་བྱའི་བློ་དང་འཚམས་པའི་འཆད་འཁྲིད་རིགས་འཁོར་དང་བསྟུན་ཏེ་གནང་དགོས། དེ་ནས་རིམ་པར་ཕ་རོལ་པོའི་ཡིད་དགེ་ལས་སུ་རབ་ཏུ་མགུ་སྐབས་ཁོང་ཚོའི་འདོད་དོན་གང་ཡོད་རྣམས་ཡིད་སུན་དང་སྐྱོ་ངལ་མེད་པར་རྣམ་དཀར་གྱི་ལས་དེའི་གྲུབ་འབྲས་མ་ཐོན་པར་ཅིས་ཀྱང་འབད་དགོས་པ་གལ་ཆེའོ།། །།