བསྙེན་བསྒྲུབ་ཡན་ལག་བཞིའི་སྐོར་ལ་དྲི་བ།
ལག་བསྟར་བ། དོ་དམ་པ། · ཟླ་བཅུ་གཅིག་པ། 25, 2017
ལན་འབུལ་མཁན། དྲ་བའི་རྩོམ་སྒྲིག་པ། དྲི་བ་གནང་མཁན། ཞུ་ཚང་བ།
དྲི་བ། གསང་སྔགས་སྤྱི་སྤུངས་སྐབས་ནས་བྱུང་བའི་བསྙེན་སྒྲུབ་ཡན་ལག་བཞི་སྟེ། བསྙེན་པ་དང་། ཉེ་བསྙེན་དང་། བསྒྲུབ་པ་དང་། བསྒྲུབ་པ་ཆེན་པོ་བཞི་ཡི་ཁྱད་པར་འཇོག་ཚུལ་ཐད་ནས་གསུང་མོལ་གནང་རོགས།
ལན། སྤྱིར་བསྙེན་བསྒྲུབ་སྐོར་ལ་གཏིང་ཟབ་དྲགས་ནས་གུས་པ་ལྟ་བུས་ཞུ་ཤེས་བྲལ་ཡང་། དཔེ་གཞུང་ཁག་ལ་བལྟ་ནས་རོབ་ཙམ་ཞིག་ཞུ་ན།
དང་པོ། བསྙེན་པ་ནི། གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད་ལས། “ བསྙེན་པ་དག་ལ་གསུམ་ཡིན་ཏེ། །དཀྱིལ་འཁོར་བྲི་དང་ཕྱི་མཚམས་གཅད། །ནང་མཚམས་གཅད་དང་གསུམ་ཡིན་ནོ། །” ཞེས་དང་། ཡང་དབལ་མོ་ཐིག་ལེ་གཡུང་དྲུང་གསང་བའི་རྒྱུད་ལས། “ བསྙེན་པ་སྔོན་དུ་འགྲོ་བ་ནི། །ཐུགས་བཟུང་ཞུ་དོན་ཕུལ་བ་དང་། །མཚན་ལྡན་གྲོགས་མཆེད་བསོགས་པ་དང་། །གནས་བཙལ་བ་དང་རྫས་བསོགས་པ་དང་། །ཕུད་གཏའ་བཅའ་དང་ས་ཆོག་བྱ། །ཡས་གླུད་གཏོང་དང་དབལ་མདུང་བཅའ། །རྣམ་པ་དགུ་རུ་ཤེས་པར་བྱ། །” ཞེས་པས། ཡིད་དམ་ཞིག་སྒྲུབ་པའི་ཚེ་བཅའ་གཞི་དཀྱིལ་འཁོར་འབྲི་བ་ནས་ཕྱི་ནང་གི་མཚམས་བཅད་སོགས་ཡན་གྱི་ལས་རིམ་རྣམས་དང་།
གཉིས་པ། ཉེ་བསྙེན་ནི། ཡང་གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད་ལས། “ དེ་ནས་ཉེ་བའི་བསྙེན་པ་ལ། །ནང་དུ་བྱ་བའི་རིམ་པ་དང་། །ལྷ་བསྐྱེད་པ་ཡི་རིམ་པའོ། །” ཞེས་པས། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་གྱི་ངང་ཞི་ཁྲོའི་ལྷ་ཚོགས་སྒོམ་པའི་རིམ་པ་རྣམས་དང་།
གསུམ་པ། བསྒྲུབ་པ་ནི། ཡང་དེ་ཉིད་ལས། “ དེ་ཕྱིར་ཕྱག་རྒྱ་གཅིག་པ་དང་། །ཏིང་འཛིན་སྤྲོས་དང་བཅས་པའོ། །བསྒྲུབ་པ་ཉིད་ནི་བར་ཆོད་མེད། །” ཅེས་དང་།
ཡང་དབལ་མོ་ཐིག་ལེ་གཡུང་དྲུང་གསང་བའི་རྒྱུད་ལས། “ དེ་ལ་བསྒྲུབ་པ་དགོས་པའི་བོན། །བདག་ཉིད་འབར་བའི་ཁྲོ་མཆོག་ལ། །ཁྲོ་རྒྱལ་དྲུག་ཅུ་རྩ་གཉིས་ཀྱིས། །བསྐོར་བ་གསལ་བར་བསླབ་པ་དང་། །ཙཀླིའི་རྟེན་བཀོད་པ་དང་། །མངའ་དབུལ་བ་དང་རྟེན་བཀོད་པ་དང་། །གདན་འབུལ་བ་དང་སྤྱན་དྲངས་པ་དང་། །བཞུགས་སུ་གསོལ་དང་ཕྱག་བཙལ་དང་། །སྡིག་པ་བཤགས་དང་བྱིན་ཕབ་དང་། །མཆོད་པ་རྒྱ་ཆེར་དབུལ་བ་དང་། །གསང་མཚན་གདགས་ནས་འབོད་པ་དང་། །འཛབ་དང་སྙིང་པོ་དྲངས་པ་དང་། །འཕྲོ་འདུ་གསང་བའི་བསྒྲུབ་པ་དང་། །ཕྱག་རྒྱ་སྐུ་བསྟོད་པ་དང། །རྟགས་བསྒྲུབ་ཆེན་མོ་བྱ་བ་དང་། །བར་དུ་མཆོད་པ་བསྟབ་པ་དང་། །པྲ་བརྟགས་རྣམ་གསུམ་བརྟག་པ་དང་། །དངོས་གྲུབ་ལྷ་ཡི་ཡང་སྙིང་གིས། །བསྒྲུབ་པའི་གཞུག་ཏུ་བསྡུ་བའོ། །” ཞེས་པས། ཙཀླིའི་རྟེན་སོགས་བཀོད་པ་ནས་མཇུག་སྐུ་བསྟོད་རྟགས་ཀྱི་བསྒྲུབ་པ་ཡན་གྱི་ལས་རིམ་རྣམས་དང་།
བཞི་པ། བསྒྲུབ་པ་ཆེན་པོ་ནི། དབལ་མོ་ཐིག་ལེ་གཡུང་དྲུང་གསང་བའི་རྒྱུད་ལས། “ བསྒྲུབ་པ་ཆེན་པོའི་བོན་རྣམས་ནི། །ཐོ་རྒྱང་བརྟུལ་དང་དཔོན་ལ་བསྟིམ། །ཕྱི་དབང་སྦྱིན་དང་གནས་སུ་སྦྱང་། །དམར་ལམ་བསྟན་དང་མདུང་བྲོ་བརྡུང། །བཀྲ་ཤིས་བརྗོད་དང་ཕྱྭ་བསྒྲུབ་བྱ། །གཡང་ལེན་ནས་ནི་རྫོགས་པར་འགྱུར། །” ཞེས་པས། སྒྲུབ་གཞུང་དེའི་ཕྱི་ནང་གསང་གསུམ་གྱི་དབང་སོགས་ནས་མཇུག་ཕྱྭ་ཚེ་བཀྲིས་ཀྱི་མཐར་ཕྱུང་བའི་ལས་རིམ་ཡན་དེ་བསྒྲུབ་པ་ཆེན་པོ་ཞེས་གསུང་པར་སྣང་ངོ་། དེས་ན་ཡིད་དམ་གང་ཞིག་གི་གཞུང་ཞིག་བཅའ་འདོན་གནང་ཚེ་ཐོག་མར་དབུ་འཛུག་པ་ནས་མཇུག་མཐར་ཕྱིན་པའི་བར་གོང་གི་ལས་རིམ་དེ་ཚོར་གཟིགས་ཙམ་གནང་ན་དེ་དག་གི་ཁྱད་པར་ཅུང་མཁྱེན་ཐུབ་སྙམ། །