བརྡ་སྤྲོད་སྐོར་གླེང་བ།
རྩོམ་བྲིས་པ། དགེ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན།
བརྡ་སྤྲོད་ཀྱི་སྐོར་གླེང་བ།
(དབྲ་རིག་སད་ཀྱི་<< བརྡ་སྤྲོད་གླིང་ >> སྒོ་འབྱེད་ཆེད་དུ་ཕུལ།)
དང་པོ། བརྡ་སྤྲོད་ཅེས་པའི་དོན།
སྤྱིར་བཏང་བརྡ་སྤྲོད་ཅེས་པའི་བརྡ་དེ་ལ་སྒྲ་ཡི་བརྡ་སྦྱོར་དང་གཟུགས་ཀྱི་བརྡ་སྦྱོར་གཉིས་ཡོད་པའི་ནང་ནས་འདིར་སྒྲ་ཡི་བརྡ་སྦྱོར་ཁོངས་སུ་རྟོགས། དེའང་དོན་གང་ཞིག་སྒྲའམ་ངག་གི་ལམ་ནས་འདྲེན་པ་དེར་ “ བརྡ་ ” དང་། བརྡ་དེས་དོན་ཕྱིན་ཅི་མ་ལོག་པར་གཞན་ལ་ངོ་སྤྲོད་པའམ་དོན་སྟོན་ནུས་པས་ན་ “ སྤྲོད་ ” ཅེས་གོ་དགོས་པར་སྣང་། དེ་ཡང་ཞང་སྐད་ནང་དུ་ཕྱོ་ཉིལ་དང་། ལེགས་སྦྱར་གྱི་སྐད་དུ་བྱཱ་ཀ་ར་ནཱ་སོགས་འབོད། དེ་ལྟ་བུའི་བྱེད་ཐབས་སམ་སྒྲིག་སྲོལ་གྱི་རིང་ལུགས་དེ་ལ་ “ བརྡ་སྤྲོད་རིག་པ ” འམ་ཞང་སྐད་དུ་སློང་སྒྱུར་ཧྲོ་ཡེ་ཞེས་འབོད།།
གཉིས་པ། བརྡ་སྤྲོད་སྦྱོང་བའི་དགོས་པ།
བརྡ་སྤྲོད་ཀྱི་རྣམ་བཞག་འདི་ནི་སྤྱིར་བཏང་རིག་པའི་གནས་ལྔ་ལས་སྒྲ་རིག་པའི་ཁོངས་སུ་འདུ། དེའང་སྒྲ་རིག་པ་ནི་ཐོག་མར་སྟོན་པ་གཤེན་རབ་མཆོག་གིས་རིག་པའི་གནས་ལྔའི་ནང་ཚན་སྒྲ་རིག་པའི་བདག་པོ་ཡེ་མཁྱེན་སྒྲ་ལྷའི་རྒྱལ་པོའི་དགོངས་པ་བཞིན་སྒྲ་ཚད་ཀྱི་འབུམ་གསུམ་གསུངས་པ་ནི། ལྷ་སྲིན་གྱི་འཁྲུག་འབུམ་ནག་པོ། སྒྲ་ཚད་རྩོད་འབུམ་ཁྲ་བོ། དག་པ་ལྷ་འབུམ་དཀར་པོ་གསུམ་ཡིན་ཏེ། ཐུགས་སྲས་རྨ་ལོ་དང༌་གཡུ་ལོ་གཉིས་ལ་གཏད། དེ་ནས་སྒྲ་ལ་སྐད་འགྱུར་སོ་སོར་སྟོན་པའི་མདོ་བཅས་གསུངས་ནས་ཞང་བོད་ཀུན་ཏུ་དར། སྐབས་དེར་ཞང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་སད་ནེ་གའུ་སོགས་ཀྱིས་སྒྲ་བསྒྱུར་དང་བསྟན་སྤེལ་མང་དུ་མཛད། དེ་བཞིན་ཕྱིས་སུ་རིམ་པར་ཤ་རིའི་སྒྲ་མདོ་སོགས་བོད་གངས་ཅན་ལྗོངས་སུ་སྒྲ་ཡི་རིག་གནས་དར་བ་ཡིན།
དེའང་རིག་པའི་གནས་དག་ལ་བསླབ་དགོས་པ་ནི། ལུང་ལས། “ རིག་པའི་གནས་ལྔར་མ་སྦྱང་ན། །ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །སྒོ་འགག་དང་པོས་མཐོང་བ་མིན། ། ” ཞེས་དང་། ལྷག་དོན་བརྡ་སྤྲོད་པའི་གཞུང་ལུགས་སམ་ཡི་གེའི་སྦྱོར་བ་མཁས་པར་བསླབ་དགོས་ཏེ། མཁས་པའི་ཞལ་སྔ་ནས། “ དེ་ཕྱིར་བརྡ་དག་ལ་བརྟེན་ནས། །མ་ནོར་དོན་རྣམས་འཚོལ་བ་གཅེས། །དོན་ལ་མི་རྨོངས་རྨོངས་པ་ཡང་། །ལུགས་འདིར་མཁས་མིན་གྱིས་བྱེད་དེ། །སྒྲ་ཤེས་དོན་ལ་མི་རྨོངས་ཞེས། །མཁས་པའི་གསུང་ལ་ཡོངས་སུ་གྲགས། །འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས། །འཆད་རྩོད་རྩོམ་པའི་གྲྭར་འཇུག་པ། །ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན། །ནམ་ཞིག་རྗེས་ངན་གསལ་བར་འགྱུར། ། ” ཞེས་དང་། བསྟན་པ་རྗེས་བཞག་གི་མདོ་ལས། “ བདག་ཉིད་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་། །མ་འོངས་འགྲོ་ཀུན་ཐར་བར་འདྲེན་པའི་ཕྱིར། །གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་། །དེ་ཚེ་ང་ཉིད་མི་འབྱོན་ཡི་གེ་འབྱོན། །རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་ཕྱིར། །འཕྲུལ་གྱི་ཡི་གེར་ཀུན་གྱིས་བཀུར་བསྟི་གྱིས། །ʼʼ ཞེས་དང་། གབ་པ་ལས། “ མ་རྟོག་སེམས་ཅན་ཚིག་གིས་མ་ཁྲིད་ན། །མུན་པའི་མཛུབ་གཡུག་དེ་ཡིས་བརྡ་མི་འཕྲོད། ། ” ཅེས་དང་། གཤེན་མཁས་གྲུབ་ཀྱིས། “ བརྡ་སྤྲོད་པའི་གཞུང་ལ་བརྟེན་ནས་ཚིག་ལ་མཁས་པར་འགྱུར་ཞིང་། ཚིག་ལ་མཁས་ན་དོན་ལ་མཁས་པར་འགྱུར་བའི་རྒྱུ་མཚན་གྱིས་བསྟན་བཅོས་འདི་ཉིད་བདག་གི་བློ་གྲོས་ཀྱིས་ཇི་ལྟར་དཔོག་པ་འགྲོལ་བར་བྱའོ། ། ” ཞེས་སོགས་ཀྱིས་བརྡ་སྤྲོད་སྦྱོང་བའི་དགོས་པ་མཁྱེན་སླའོ།།
གསུམ་པ། བརྡ་སྤྲོད་ཀྱི་གཞུང་དང་དེ་འབྲེལ་གླེང་བ།
སྤྱིར་བཏང་བརྡ་སྤྲོད་པའི་གཞུང་ཞེས་པ་འདི་འཛམ་གླིང་གི་སྐད་རིགས་ཆེ་བ་ཕལ་ཆེ་ལ་ཡོད་ལ། འཛམ་གླིང་སྟེང་བརྡ་སྤྲོད་པའི་གཞུང་རྙིང་ཤོས་དེ་ནི་ཕྱི་ལོའི་གོང་གི་དུས་རབས་ལྔ་པའི་ནང་མཛད་པའི་རྒྱ་གར་པཱནི་ (Paini) གཞུང་དང་། ཕྱི་ལོའི་གོང་གི་དུས་རབས་བདུན་པའི་ནང་མཛད་པའི་ཧིན་དྷུ་ཡཱསཀཱའི་ (Yaska) གཞུང་སོགས་ཡིན་པར་འདོད། བོད་རང་གི་སྐད་དུ་བརྡ་སྤྲོད་པའི་གཞུང་སྔ་ཤོས་ནི་པཎ་ཊི་ཏ་དྲན་པ་ཡེ་ཤེས་ཀྱིས་ཕྱི་ལོ ༡༠༤༢ ཡས་མས་སུ་མཛད་པར་གྲགས་པའི་ (སྨྲ་སྒོ་མཚོན་ཆ) <འགའ་ཞིག་གིས་ཕྱི་ལོ་ ༡༠༤༠ ལོར་འཁྲུངས་པའི་རོང་ཟོམ་ཆོས་ཀྱི་བཟང་པོ་བརྩམས་པར་འདོད།>ཞེས་པ་དང་། ཕྱི་ལོ་ ༡༡༨༢ ནང་བྱོན་པའི་ས་སྐྱ་པཎ་ཆེན་གྱིས་མཛད་པའི་(བརྡ་སྤྲོད་པའི་བསྟན་བཅོས་ཀྱི་ཡི་གེའི་སྦྱོར་བ་) སོགས་ཡིན་པར་འདོད། སྔོན་རབས་ལོ་རྒྱུས་རྣམས་སུ་སློབ་དཔོན་ཐུ་མིས་ཞེས་པས་མཛད་པར་གྲགས་པའི་(ལུང་སྟོན་པ་རྩ་བ་སུམ་ཅུ་པ་) ཡོངས་གྲགས་(བྱཱ་ཀ་ར་ཎ་) ཞེས་པ་བོད་ཀྱི་བརྡ་སྤྲོད་ཀྱི་ཁུངས་མ་ཞིག་ཏུ་བརྩིས་པ་དང་། ད་དུང་སློབ་དཔོན་ཐུ་མིས་ཞེས་པས་མཛད་པའི་བརྡ་ཡི་བསྟན་བཅོས་ཆེན་པོ་བརྒྱད་ཡོད་ཚུལ་ཀྱང་གསུངས་ཡོད་མོད། འོན་ཀྱང་ཕྱིས་སུ་བོད་མཁས་པ་ཆབ་སྤེལ་སོགས་ཀྱིས་(ལུང་སྟོན་པ་རྩ་བ་སུམ་ཅུ་པའམ་བྱཱ་ཀ་ར་ཎ་)ནི་ས་པཎ་གྱིས(ཡི་གེའི་སྦྱོར་བ)མཛད་པའི་རྗེས་སུ་གཞི་ནས་བརྩམས་པར་འདོད་པའི་ལུང་རིག་སོགས་ལ་གཞིག་ན་གཞུང་དེ་ཉིད་སློབ་དཔོན་ཐུ་མིས་ཞེས་པས་མཛད་མེད་པ་གསལ་པོར་བསྟན་ཟིན།
བོན་ལུགས་ལ་བརྡ་སྤྲོད་སྒྲ་སྒྱུར་གྱི་མ་ལག་གལ་ཆེན་ཚང་བའི་(ཤ་རིའི་སྒྲ་མདོ)ཟེར་བ་ཡོད་ཚུལ་ཙམ་ལས་ད་ལྟའི་ཆར་མཇལ་ཡུལ་དུ་མེད། དེ་མིན་ཕྱི་ལོ་ ༡༧༨༣ ནང་སྐུ་འཁྲུངས་པའི་གཤེན་མཁས་གྲུབ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་མཛད་པའི་(བརྡ་སྤྲོད་ཉི་ཤུ་བདུན་པ་) དང་དེའི་རང་འགྲེལ་སོགས་ནི་སྔ་ཤོས་སུ་འདོད། འོན་ཀྱང་བརྡ་སྤྲོད་ཀྱི་གཞུང་དང་ཡི་གེའི་སྦྱོར་བ། ཡི་གེའི་འབྱུང་ཁམས་སྐྱེ་གནས་ཡན་ལག་དང་བཅས་པ་ཆ་ཚང་བསྟན་པའི་བོན་གཞུང་དངོས་མདོ་དང་། མ་རྒྱུད་སྐྱེ་མེད་ཐིག་ལེ། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད། གཙུག་ལག་དཔའ་འབུམ་དཀར་པོ། བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ། ཀུན་འབུམ་གོ་འབྱེད་སོགས་ནས་བརྡ་སྤྲོད་ཀྱི་སྐོར་རྒྱ་ཆེར་བཤད་དོ། །
ཞེས་ཟིན་ཐོའི་ཚུལ་དུ་དགེ་མིང་པ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན་ནམ་དྲ་མིང་ཧི་མ་ལ་ཡའི་རྒྱལ་སྲས་སུ་འབོད་པས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༧ ཉིན་ནུབ་ཕྱོགས་འཇར་མན་ནིའི་ཡུལ་ཆུ་བོ་དྷོ་ནཱ་གཙང་པོའི་འགྲམ་དུ་བྲིས།།