བཞེར་དང་ལོད་ཅེས་པའི་གོ་དོན་གང་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། དགེ་བདག་མེད་འཇག་སྐྱ།
དྲི་བ། བོད་ཀྱི་བློན་པོ་མང་པོའི་མཚན་མཚན་ཟུར་ལ། ལོད། བཞེར། ཟེར་བ་འདུག་པས་དེའི་གོ་དོན་གང་ཡོད་དམ། སྣང་བཞེར་ལོད་པོ་ཟེར་བའི་བཞེར་དང་ལོད་པོའི་དོན་གང་ཡིན་ནམ།
ལན། བོན་དང་འབྲེལ་བའི་མིང་ཚིག་མང་པོ་ཞིག་གི་བྱུང་ཁུངས་ནི་ཞང་སྐད་ཡིན་སྟབས་ཚིག་འདི་གཉིས་པོའི་ཁུངས་ཞང་སྐད་དུ་འཚོལ་ཐབས་ལ་འབད་ན། བོན་གཞུང་ལས་བྱུང་བའི་ཞང་ཚིག་ཐད་ཕྱི་རྒྱལ་མི་སྣས་ཞིབ་འཇུག་བྱས་པ་རྣམས་ཀྱི་ནང་ནས་ཞིབ་ཚག་ཤོས་ཅིག་ནི་མཁས་དབང་། ཌན། མར་ཊིན། (Dan Martin) ལགས་ཀྱི་<ཞང་ཞུང་ཚིག་མཛོད་> (Zhangzhung Dictionary) ཞེས་པ་དེ་རེད། དེའི་ནང་གཙོ་བོའི་ཁྱད་བོན་འགའ་གསལ་སྟོན་གནང་ཡོད་པ་ནི། བོན་གཞུང་ལས་བྱུང་བའི་ཞང་ཚིག་ཁག་གཞི་བཞག་ཐོག་ཞང་སྐད་སྐོར་ཚིག་མཛོད་བསྒྲིགས་པ་དང་ཞིབ་འཇུག་བྱས་པའི་ཡིག་ཆ་ཁག་མང་པོ་ཞིག་བཤིབ་བསྡུར་བྱས་ཡོད།
དང་པོ། གོང་སྨྲས་ཚིག་མཛོད་ལས་ ʼʼ ལོདʼʼ ཀྱི་སྐོར་འགའ་ཞིག་བྱུང་བ་ནི། དང་པོ་མཉམ་སྙོམ་དང་སྙིང་པོ་ལ་གོ་བ་ནི་སྲིད་པའི་མཛོད་ཕུག་དང་། མཁས་དབང་སིག་སྦེརཊ། ཧུ་མེལ། གྱི་ཞང་ཞུང་སྐོར་ (Siegbert Hummel, On Zhang-zhung, ) ཞེས་པ་རྣམས་ལས་བྱུང་བའི་ʼʼཉེ་ལོད།ʼʼ ཅེས་པ་ལྟ་བུ་དང་།
དེ་བཞིན་མཛོད་ཕུག་ལྟར ʼʼལོད་ʼʼཅེས་པ་ལོ་ལ་འཇུག་པ་ʼʼཏི་ལོདʼʼལྟ་བུ་དང་། དེ་བཞིན་མཛོད་ཕུག་དང་སློབ་དཔོན་ཀུན་བཟང་བློ་གྲོས་ཀྱིས་མཛད་པའི་(ཞང་བོད་ཀྱི་སྐད་གཉིས་ཤན་སྦྱར་སྒྲ་ཡི་རྟོགས་བརྗོད)ལྟར་དོན་གྱི་སྙིང་པོ་ལ་གོ་བ་ʼʼད་ལོདʼʼལྟ་བུ་དང་། དེ་བཞིན་གོང་སྨྲས་དཔེ་ཁུངས་ལྟར་ལྷུན་གྲུབ་ལ་གོ་བ་ʼʼདེ་ལོད་ʼʼདང་ʼʼལ་ལོདʼʼལྟ་བུ་དང་།
དེ་བཞིན་ཕྱོགས་ལ་གོ་བ་ʼʼལོད་རདྣʼʼ (ལྷོ་རིན་ཆེན) དང་ʼʼཤེར་ལོདʼʼ (ཤར་ཕྱོགས)ལྟ་བུའི་གོ་དོན་ཡོད་པར་བཤད་ཡོད། དེས་ན་ʼʼལོད་ʼʼཀྱི་སྐོར་གོ་བ་རྩ་བ་གཉིས་ནས་ལེན་མི་ཐུབ་པ་ཞིག་རེད་མི་འདུག་སྙམ།
གཉིས་པ། ʼʼབཞེར་ʼʼགྱི་སྐོར་གོང་གསལ་ཚིག་མཛོད་ལས་ཁ་གསལ་མ་བརྙེད་ཀྱང་ཚིག་མཛོད་ལས་སྲིད་པ་དང་ནམ་མཁའ་ལ་འཇུག་པའི་ཚིག་ʼʼལིག་ཞིརʼʼལ་མཛོད་ཕུག་དང་གཞན་སྒྲ་དེབ་ཁག་ལས་འབྲི་སྟངས་མི་འདྲ་ཡོད་ཚུལ་ཁོང་གིས་གསུངས་འདུག དཔེར་ན། ʼʼལིག་གཞིས།ʼʼ ལིག་ཞེར།ʼʼ ལིག་ཞིར།ʼʼ ལིག་གཞིར།ʼʼ ལིག་གཞེར།ʼʼ ལྟ་བུ་བྲིས་འདུག དེས་ན་ང་ཚོས་བསམ་གཞིག་བྱ་ཆོག་པ་ཞིག་ནི་ʼʼསྣང་བཞེརʼʼསོགས་ཀྱི་ʼʼབཞེར་ʼʼདེ་གོང་སྨྲས་སྲིད་པ་དང་ནམ་མཁའ་ལ་འཇུག་པའི་བརྡ་ཡི་ཟུར་ཆགས་ཞིག་ཡིན་མི་སྲིད་པ་མ་རེད་སྙམ།
དེ་ལྟར་མིན་པར་སྣང་བཞེར་ལོད་པོའི་ལོད་པོ་དེ་བོད་སྐད་ཇི་བཞིན་འགྲེལ་ན་ ʼʼ ལོད་པོ ʼʼ ནི་ཆེས་ཐབས་སྡུག་པོ་དང་གཤིས་རྒྱུད་ངན་པ། ཁྲེལ་མེད་གཡོ་ཅན་སོགས་ལ་གོ་བས་གྱེར་སྤུངས་ཆེན་པོ་ནི་དེ་ལྟར་མིན་པར་སེམས་སོ། །