བན་བོན་གྲུབ་མཐའ་ཕན་ཚུན་མཐུན་སྒྲིལ་ཇི་ལྟར་དགོས་སམ།
རྩོམ་བྲིས་པ། ཁྱུང་གསེར་ཞུན།
དྲི་བ་འདོན་མཁན། གཤེན་བསྟན་གླེང་སའི་དད་ལྡན།
ལན། གྲུབ་མཐའ་ཕན་ཚུན་མཐུན་སྒྲིལ་དགོས་པའི་སྐོར་ཅུང་ཟད་གླེང་བ།
༧ རྒྱལ་ཀུན་ཐུགས་གསང་རི་བོང་འཛིན་པ་ཅན། །
གང་འདུལ་གདུལ་བྱའི་ཡོལ་གོར་མ་འདྲེས་པར། །
སྣ་ཚོགས་ཤར་རྣམས་གཏན་བདེར་རོ་གཅིག་ཏུ། །
གཟིགས་པ་གང་ལ་བདག་ནི་ནམ་ཡང་འདུད། །
༧ འདི་ན་རབ་འབྱམས་མཁས་མང་ཞལ་ཚིམ་པའི། །
སྔར་མེད་ལེགས་བཤད་གསོལ་ཚིགས་མི་བདོག་ནའང་། །
ཟང་ཟིང་སྤྱི་ཚོགས་སློབ་གསོའི་རྒྱུ་རྐྱེན་ལས། །
ཉེར་མཁོ་སྟབས་བདེའི་ཐུག་པ་ཙམ་ཞིག་ལགས། །
དེ་ནས་སྐབས་ཀྱི་ཞུ་བྱ་དངོས་ལ། མཉམ་མེད་རྒྱལ་བ་གཉིས་པ་རྗེ་བཙུན་དམ་པ་༧སྨན་རི་བ་ཆེན་པོའི་ཞལ་སྔ་ནས། ཁ་ཅིག་གིས་ནི། རིགས་གཅིག་ལས་མི་ཤེས་པར། རང་གིས་ཤེས་པ་དེ་དང་མཐུན་པར་བྱུང་ན་བསྟོད་པ་བྱེད་པ་དང་། མ་བྱུང་ན་སྨད་ར་བྱེད་པ་འདུག་སྟེ། བླུན་པོའི་གྲལ་ལ་བཞུགས་པར་མཛོད་ཅིག ཅེས་དང་། ཡང་། རང་ལྟ་ལ་མི་ཆགས་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་གྲུབ་མཐའི་རྣམ་བཞག་བྱེད་པ་ནི་ཤེས་རབ་སྐྱེ་བའི་རྒྱུ་དང་། དག་སྣང་སྦྱོང་བའི་ཐབས་ཁྱད་པར་ཅན་ཡིན་པས་དམ་པའི་ལུགས་སུ་འདོད་དོ།། ཞེས་བྱ་ཁྱུང་ཆེན་ནམ་མཁར་ལྡིང་བ་ལྟ་བུའི་ཆུ་བརྒྱ་ཟམ་འདུས་དང་། གནད་བརྒྱ་གཅིག་བསྡུས་ཀྱི་ཟབ་གདམས་འདི་ཡིས་ཁོག་དབུབ་སྟེ། རང་རེ་བོད་གངས་ཅན་གྱི་ལྗོངས་འདིར་སྔ་དར་གཡུང་དྲུང་བོན་དང་ཕྱི་དར་དམ་པ་ཆོས་ཀྱི་བསྟན་པ་འདི་གཉིས་ས་ཁྱབ་རྡོ་བདལ་དུ་དར་ཞིང་རྒྱས་ཏེ། བོད་མིའི་སྤྱི་ཚོགས་ཡོངས་ལ་གཞན་དང་གཞན་གྱིས་ཚབ་མཚོན་བྲལ་བའི་ལེགས་སྐྱེས་གང་མང་ཕུལ་དང་འབུལ་བཞིན་ཡོད་ཅིང་། ཤ་ཐིམ་རུས་ཟོས་ཀྱི་བག་ཆགས་བརྟན་པོ་གྱུར་པའི་དབང་གིས་བོད་མི་རིགས་ཀྱི་རིག་གཞུང་གི་སྲོག་རྩ་ལྟ་བུ་དང་། མི་རིགས་གཅིག་གྱུར་དང་ཕན་ཚུན་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྦྲེལ་བྱེད་གཙོ་མ་གསེར་གྱི་ཨ་ལོང་ཞིག་ཀྱང་གྱུར་ཟིན་པ་ཡིན། དེ་འདྲའི་ཆོས་ལུགས་གཉིས་ཀྱི་ངོ་ཐད་ནས་ཀྱང་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུ་རྩར་དམིགས་པ་དང་གནས་སྐབས་སུ་ཡང་འཚེ་མེད་ཞི་བདེ། གཅིག་ཕན་གཅིག་གྲོགས། འཆམ་མཐུན་མཉམ་གནས་ཀྱི་ལྟ་སྤྱོད་སྤྱི་མཚུངས་སུ་གནས་པ་ནི། རིས་མེད་རྒྱ་ཆེའི་གཟིགས་པ་ཡངས་པའི་གནའ་དེང་གི་མཁས་དབང་རྣམས་མ་བགྲོས་དགོངས་པ་གཅིག་ཏུ་བབ་པས་ཡིན། རྒྱུ་མཚན་དེའི་སྟབས་ཀྱིས་འུ་ཅག་གྲུབ་མཐའ་གཉིས་པོའི་རྗེས་འཇུག་པ་རྣམས་ནས་ཀྱང་མིག་སྔར་དང་སླད་མའི་དུས་སུ་ཕན་ཚུན་ཐོས་པ་ཙམ་གྱིས་དྭོགས་འདྲོག་གམ་སྣང་མེད་དུ་ལྟ་བ་མ་ཡིན་པར་མཐུན་སྒྲིལ་གུ་ཡངས་ཀྱི་སྒོ་ནས་རྒྱུས་མངའ་མང་ཙམ་ཡོང་ཐབས་དང་། རང་བསྟན་རང་གིས་སྐྱོང་དགོས་པ་ནི་ལུགས་སོ་སོའི་སྔོན་བྱོན་དམ་པ་རྣམས་ཀྱི་དགོངས་པའི་མཐིལ་ཟབ་མོ་དང་། དེང་གི་སྤྱི་ཚོགས་དང་དུས་རབས་ཀྱི་འགྲོས་དང་བསྟུན་ན་ཡང་ཡོངས་སུ་མཐུན་པ་ཞིག་རེད་སྙམ། དེ་ཡང་ལུགས་འདི་གཉིས་ནི་མི་བུ་སྒེར་ཞིག་དང་གྲུབ་མཐའ་རེ་ཙམ་གྱི་དོན་ཞིག་མ་ཡིན་པར་བོད་པ་སྤྱི་ཡི་ལས་དབང་དང་འབྲེལ་བ་དམ་པོར་ཡོད་པ་ནི། འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་ནང་སྔོན་ཐོན་མི་རིགས་དང་རྒྱལ་ཁབ་དག་གི་རྗེས་འདེད་རྒྱུ་མ་བྱུང་བར་བོད་ནང་ཁུལ་དུ་གྲུབ་མཐའི་རྩོད་རྙོག་རྒྱུན་མར་བྱུང་བའི་དབང་གིས་ང་ཚོ་ལ་ཉམས་མྱོང་སྤྲད་པ་འདི་ཙམ་གྱིས་ཀྱང་མཐོང་ཆོག་ཏུ་གྲུབ། དེའི་རྒྱུ་མཚན་གྱིས་འཛམ་གླིང་སྤྱི་ཡི་འགྲོ་སྟངས་དང་། མ་འོངས་ཁ་བ་རི་པའི་མདུན་ལམ། དེ་བཞིན་བན་བོན་ཕྱོགས་གཉིས་ཀར་གཟིགས་རྒྱ་ཆེ་བའི་མཁས་དབང་བསྟན་འཛིན་སྐྱེས་ཆེན་རྣམས་ནས་རང་བསྟན་རང་སྐྱོང་ངོས་གྲུབ་མཐའ་གཞན་ལ་དག་སྣང་ཡི་རངས་འབའ་ཞིག་མཛད་པ་ནི་གོང་དུ་རྗེ་རིན་པོ་ཆེས་ཇི་ལྟར་གསུངས་པ་བཞིན་དུ་གྲུབ་པ་ཡིན། འོན་ཀྱང་རང་གིས་བན་བོན་གང་ལ་དད་པར་བརློམས་ཀྱང་དེའི་གཞུང་གི་དགོངས་དོན་རྣལ་མ་ཇི་བཞིན་མ་ཤེས་པའི་ཐོག ཡེ་ནས་ངན་གོམས་སུ་སོང་བའི་རང་གཅེས་འཛིན་གྱི་བློ་ངན་པ་དེ་ལ་གྲུབ་མཐའི་ཕྱོགས་འཛིན་གྱི་བསྣན་ཁ་ལྷག་པོ་གཅིག་རྒྱབ་པའི་བླུན་རྨོངས་ཨུ་ཚུགས་ཅན་འགའ་ཞིག་ནི། བོན་ནམ་ཆོས་སྒོར་ཞུགས་པས་རང་གཞན་གང་གི་རྒྱུད་གྲོལ་བྱེད་དུ་སོང་བ་ལྟ་ཞོག་དེ་ལས་ལྡོག་ཏེ། ཆོས་ལ་ང་བཟང་ཁྱོད་ངན་དང་། ང་བདེན་ཁྱོད་འཁྲུལ་གྱི་གྲུབ་མཐའི་ལྟ་བ་ངན་པས་རྒྱུས་བསླད། མི་རིགས་མཐུན་སྒྲིལ་དང་ཕན་ཚུན་རོགས་རེས་བྱེད་རྒྱུ་ཕར་ཞོག་ཐ་ན་གཅིག་གིས་གཅིག་ལ་དོགས་འཛེམ་བྱེད་པ་ལ་ཡང་ཇི་མི་སྙམ་པ་ནི། ངོ་མ་བསྟན་པའི་བདག་པོ་རྒྱལ་བ་གཤེན་རབ་དང་བཅོམ་ལྡན་ཐུབ་པའི་དབང་པོ་རྣམ་གཉིས་ཀྱིས་གཟིགས་ན་ཅི་འདྲ་ཞིག་དགོངས་རྒྱུ་རེད། དེ་འདྲའི་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་མ་བྱུང་བའི་སྐྱོན་ཆའི་སྐོར་ལ་ཅུང་ཟད་བསམ་ན་འདས་པའི་བོད་ཀྱི་ལོ་རྒྱུས་ཐོག་དང་པོ་རྒྱ་གར་ནས་དམ་པའི་ཆོས་ནང་འདྲེན་བྱས་པ་ནས་བན་བོན་གཉིས་ཕན་ཚུན་རྩོད་རྙོག་བྱུང་སྟེ་མཐར་རྒྱལ་ཁ་བན་གྱིས་བླངས་པ་ལྟར་གྱུར་ཀྱང་རྩ་བའི་གཅིག་ཡོད་གཅིག་མེད་ཀྱི་ཐག་ཆོད་མ་བྱུང་བའི་ཁར། ཆོས་ལ་བརྟེན་པའི་སྡིག་ཚབས་པོ་ཆེ་བསག་རྒྱུའི་འགོ་ཚུགས་ཏེ་བན་ནང་ཁུལ་གྱི་འགལ་བ་སྟེ་ས་འབྲི་དམག་འཁྲུག་དང་། བཀའ་དགེའི་འགལ་ཟླ། དགེ་ལུགས་ནང་འཁྲུགས་སོགས་མདོར་ན་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་བོད་བླ་མའི་དམག་འཁྲུག་ཏུ་གྲགས་པའི་ནང་དུ་མི་རིགས་ནང་ཁུལ་བར་སེར་སྐྱ་ཁྲི་ཕྲག་མང་པོའི་ཚེ་སྲོག་དང་དེ་བཞིན་དཔལ་འབྱོར་རིག་གནས་གང་ཐད་ནས་གསབ་ཐབས་བྲལ་བའི་གྱོན་གུན་ཚབས་ཆེན་བྱུང་བ་ནི་ལོ་རྒྱུས་ཀྱི་ཡིག་ཆ་ཁག་ཏུ་གསལ་བ་ལྟར་ཡིན། དེས་ན་གྲུབ་མཐའི་ཕྱོགས་འཛིན་མུ་སྟེགས་བདག་འཛིན་གཉིས། །བཅིང་ལ་ཁྱད་མེད་གསེར་སྒྲོག་ལྕགས་སྒྲོག་བཞིན། །ཞེས་པ་ལྟར་སྤྱིར་ན་བན་བོན་གང་གི་ལུགས་ཡིན་ཀྱང་ཉོན་མོངས་དང་སེམས་རྒྱུད་མ་ཞི་བ་འདུལ་བྱེད་ཡིན་རྒྱུ་ལ། དེ་ལས་ལྡོག་སྟེ་མི་གསོད་ཁྲག་སྦྱོར་དང་སྤྱི་ཚོགས་ཟང་ཟིང་བཟོ་བའི་རྒྱུ་རུ་གྱུར་ན། གཅིག་ནས་ཡང་དག་པའི་ཆོས་ལུགས་ལ་སྐུར་པ་བཏབ་པའི་ཉེས་དམིགས་ཤིན་ཏུ་ལྕི་ཞིང་། གཉིས་ནས་བོད་མི་རིགས་ནང་ཁུལ་གཅིག་གྱུར་གྱི་མཐུན་སྒྲིལ་ལ་གནོད་པ་ཚབས་ཆེ་བ། གསུམ་ནས་ནད་ཀྱི་གཉེན་པོ་སྨན་དེ་ཉིད་དུག་ཏུ་གྱུར་ན་དེ་ཡི་གཉེན་པོ་གང་ཞིག་མེད་པ་ལྟར་ཉོན་མོངས་སྡིག་ཚོགས་ཀྱི་གཉེན་པོ་དེ་ཉིད་དགྲ་རུ་ལངས་ན་དེ་འདུལ་བའི་གཉེན་པོ་གང་ནས་བཙལ།
ཇི་སྐད་དུ། ཆོས་ལ་བརྟེན་ནས་སྡིག་གསོག་ན། །སྡིག་པ་གཞན་གྱིས་དོ་ཟླ་མེད། །རང་བསྟན་པ་འཛིན་པར་རློམ་པ་དག །གཞན་བསྟན་འཛིན་དགྲ་ཡི་དྭངས་མར་རློམ། །དེ་བསམ་གྱིས་སྙིང་ནས་སྐྱོ་བ་སྐྱེས། །ཞེས་དང་། ཆོས་སྤོང་ལས་ཀྱི་ལོག་པའི་མཚོན་ཐོགས་ནས། །ཆེན་པོའི་གོ་སར་སྙེམས་པས་བསྒྱིངས་རྣམས་ཀྱང་། །ཕྱོགས་ལྷུང་ཞགས་པས་རང་རྒྱུད་འཆིང་དང་ལྷན། །ཐར་པའི་སྲོག་རྩ་གཅོད་ལ་མཁས་པ་ཙམ། །ཞེས་དང་། ཕོ་རུས་ཆགས་སྡང་བྱེད་པ་རྣམས། །བསླབ་ཚད་ཆུ་ལ་འཕོ་བ་ཡིན། །ཆོས་ལ་དཀར་ནག་མེད་པ་ལ། །གྲུབ་མཐའི་ཁ་འཛིན་ཆོས་ལ་སྨོད། །ཐར་པའི་འཇུ་ཐག་ཆད་པ་ཡིན། །ཞེས་གསུངས་པ་ལྟར་ལས་གཞན་འཇོན་རྒྱུ་དང་ཐོན་རྒྱུ་ཅི་ཡང་མེད་པར་ངེས་སོ།། དེས་ན་སྤྱི་ཚོགས་ཞི་བདེ་དང་། ཕན་ཚུན་འདྲ་མཉམ། ཆོས་དད་རང་མོས་ཅན་གྱི་དུས་རབས་གསར་པ་འདི་ཡི་ནང་། འཛམ་གླིང་སྤྱི་ཡོངས་ནས་རིག་གནས་དང་གོམས་གཤིས་མི་འདྲ་བ་དང་། ཆབ་སྲིད་ཀྱི་ངོ་བོ་མི་འདྲ་བ། ཆོས་ལུགས་ཀྱི་དད་མོས་མི་འདྲ་བའི་ས་ཁུལ་སོ་སོས་ཀྱང་ཕན་ཚུན་མཉམ་འབྲེལ་ཐོག་ཁེ་ཕན་བསྒྲུབས་དང་སྒྲུབ་མུས་སུ་མཆིས་པ་ལྟར། བོད་ལ་དར་བའི་བན་བོན་གཉིས་པོ་ཡང་མཐར་ཐུག་གི་བསྒྲུབ་བྱ་སངས་རྒྱས་ཀྱི་གོ་འཕང་ཡིན་པ་མཚུངས། དེ་སྒྲུབ་པའི་ཐབས་སུ་ལུང་སྡེ་སྡོད་གསུམ་ལ་འཆད་ཉན་དང་། ལམ་བསླབ་པ་གསུམ་ལ་ཉམས་ལེན་གནང་བ། དེ་བཞིན་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ལས་མི་འདའ་བར། སྤྱོད་པ་ཕར་ཕྱིན་བཅུ་སོགས་ལྟ་སྤྱོད་ཟུང་འབྲེལ་གྱི་སྒོ་ནས་རྫོགས་བྱང་ཐོབ་པར་བཞེད་པ་བཅས་ལ་མི་མཐུན་པ་མི་འདུག་པ་དེའི་ཕྱིར། གཞན་ལུགས་ལ་རྒྱུས་ལོན་དང་ཡི་རངས་རང་ལུགས་ལ་ཉམས་ལེན་གྱི་སྒོ་ནས་ཕན་ཚུན་མཐུན་སྒྲིལ་རྡོག་རྩ་གཅིག་དྲིལ་གྱིས་འཆམ་མཐུན་མཉམ་གནས་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུར་ཚང་མས་འབད་དགོས། དེ་ལྟར་མ་ཡིན་པར་གདུལ་བྱའི་རྒྱུད་ཚོད་དང་བསྟུན་པའི་ཐ་སྙད་མི་འདྲ་བ་འགའ་དང་བྱུང་རིམ་གྱི་བརྒྱུད་པ་མི་འདྲ་བ་སོགས་ལས་བསྙད་དེ་གྲུབ་མཐའ་སོ་སོའི་བར་གྱི་སྒེར་སེམས་ཆགས་སྡང་གི་འགལ་བ་དེ་མུ་མཐུད་དུ་གནས་ན། དེ་འདྲའི་འགལ་བ་དེ་ཚད་གཞི་ངེས་ཅན་ཞིག་ལ་སླེབས་པའི་མཇུག་འབྲས་ནི། ཁྱོད་ཤི་ང་གསོན་དང་གཅིག་ཡོད་གཅིག་མེད་ལྟ་བུར་མ་ཡིན་པར་ང་ཚོའི་མི་རིགས་འདི་བཞིན་རྗེས་ལུས་ལས་རྗེས་ལུས་ཀྱི་ཕྱོགས་སུ་འགྲོ་བའི་རྐྱེན་ངན་ཉག་གཅིག་ཡིན་པར་གདོན་མི་ཟ་སྙམ། དེས་ན་དེང་སང་བོད་དར་བན་བོན་ཟུང་གི་ཆོས་ལུགས་འདི་ཡིས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོའི་ཡིད་དབང་མེད་དུ་འཕྲོག་བཞིན་ཡོད་འདུག་ཅིང་། དེའི་རྒྱུ་མཚན་ཡང་། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས། གང་ཟག་བདག་འཛིན་གྲུབ་མཐའི་ཁ་འཛིན་གྱིས། །བཅིངས་ལ་ཁྱད་མེད་གསེར་སྒྲོག་ལྕག་སྒྲོག་བཞིན། །གསུངས་པས་བདག་མེད་ཤེས་རབ་དངོས་གཉེན་མཆོག །བསམ་གཏན་སྒོམ་ཆེན་ཡིན་ལོ་བ་ཁ་ཅིག །ཐུགས་དམ་ཆགས་སྡང་ཉོན་མོངས་རྒྱུད་དཀྲུགས་ཏེ། །ཞེན་ཆགས་ཕྱོགས་འཛིན་ལམ་གྱི་སྙིང་པོར་འདོད། །གཞིགས་པས་སྙིང་རྗེའི་ཡུལ་ལས་གཞན་དུ་ཅི། །ཅིའི་ཕྱིར་ང་ཁྱོད་རིས་སུ་གཅོད་པའི་ཚིག །གཅིག་ལན་གཉིས་སྟེར་ཕྲག་དོག་ཆགས་སྡང་གི །མེ་ལྕེ་ནམ་མཁར་འཕྱུར་བ་གཏན་བདེའི་སྲོག །སྲེག་པར་བརྩམ་པ་མཁས་པའི་སྤང་བྱ་ཡིན། །སངས་རྒྱས་བསྟན་པའི་རྩ་ལག་ཕན་ཚུན་བར། །ཁྱད་བསད་ལོག་ལྟའི་དུག་མདའ་མི་འཕེན་པར། །ཡི་རངས་འཛུམ་ཟེར་སྤྲོ་བའི་ཐབས་མཁས་ངང་། །སོ་སོའི་རིང་ལུགས་སྤེལ་བ་དམ་པའི་ལུགས། །ཞེས་ཇི་ལྟར་གདམས་པ་བཞིན་ཡང་སྙིང་རང་སེམས་དྲང་པོ་བྱ་རྒྱུ་འདི་རྩ་བར་བཟུང་སྟེ། བན་བོན་གཉིས་པོ་ཕན་ཚུན་འཆམ་མཐུན་མཉམ་གནས་ངོས། འཚེ་མེད་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ལེགས་སྐྱེས་སྔར་ལས་ལྷག་པ་འབུལ་དགོས་པར་འདོད་དོ།། ཚང་མ་བཀྲ་ཤིས་བདེ་ལེགས། བཀའ་དྲིན་ཆེ།།