བདེ་བ་ཆེན་པོའི་ཕོ་བྲང་ཞེས་པ་གང་ལ་འགྲེལ།
ལག་བསྟར་བ། དོ་དམ་པ། · ཟླ་བཅུ་གཉིས་པ། 6, 2017
ལན་གནང་མཁན། དགེ་སྲིད་པའི་མིག་དང་ཧི་མ་ལ་ཡའི་རྒྱལ་སྲས། བཀའ་དྲི་གནང་མཁན། ཨར་ལྟ་བླ་མ།
དྲི་བ། སྤྱི་གཙུག་བདེ་བ་ཆེན་པོ་ཕོ་བྲང་དུ། ཞེས་པའི་བདེ་བ་ཆེན་པོའི་ཕོ་བྲང་དེ་འགྲེལ་བཤད་ཅིག་གནང་རོགས།
ལན། སྤྱིར་བཏང་གཞུང་ཁག་ནས་བདེ་བ་དང་བདེ་བ་ཆེན་པོ་སོགས་ཀྱི་འགྲེལ་བཤད་ཟབ་ཅིང་མང་བ་ཡོད་མངོན་ལ། དེ་བཞིན་བདེ་བ་ཆེན་པོ་གཞི་ལ་སྦྱར་ཚུལ་དང་། སྐུ་ལ་སྦྱར་ཚུལ། ཉམས་ལ་སྦྱར་ཚུལ་སོགས་དུ་མ་ཞིག་ལས། འདིར་འཕྲོས་གཞི་ “ སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་ནས།” ཞེས་པ་འདི་ཡིན་སྟབས། གུས་པའི་རྨོངས་བློ་ནི་འདི་ཉིད་རང་གི་ལུས་གནས་དང་འབྲེལ་བའི་གཞི་ལ་གོ་བ་ལེན་དགོས་པ་མིན་ནམ་སྙམ། གལ་ཏེ་སྐབས་འདིར་སྐུ་ལ་སྦྱར་ཚེ་སྐུ་ལྔ་རང་གི་ལུས་གནས་སུ་སྦྱར་ཚུལ་སྐབས་བདེ་བ་ཆེན་པོའི་སྐུ་ནི་ལྟེ་འོག་གསང་བའི་འཁོར་ལོ་དང་སྦྱར་དགོས་པ་གཞུང་ལས་གསལ།
དེས་ན་འདི་སྐབས་ཀྱི་བདེ་བ་ཆེན་པོ་ནི་རྫོགས་ཆེན་སེམས་སྨད་ཀྱི་བོན་སྡེ་རིག་པ་ཁུ་བྱུག་གི་གཞུང་ལས། “རང་སེམས་བདེ་བ་ཆེན་པོ་ཀུན་གཞི་མ་གཡོས་པའི་གཞལ་ཡས་ཁང་འདི་གསལ་བར་རྟོགས་ན་སེམས་ཀྱིས་སེམས་སྤྲོ་བ་སྐྱེ་བར་འགྱུར་བའོ། །” ཞེས་པའི་སྐབས་ཀྱི་ཀུན་གཞི་རང་རིག་པའི་ཡེ་ཤེས་སམ་རང་སེམས་ཀྱི་གནས་ལུགས་དེར་ངོས་འཛིན་དགོས་པ་འདྲ།
འཕྲོས་གཞི་གཉིས་པ་ཕོ་བྲང་ནི། སྤྱིར་བཏང་གཞི་ཡི་གནས་ལུགས་འཆད་སྐབས་ཕོ་བྲང་དང་། གཞལ་ཡས་ཁང་། ཡེ་རིག་གི་ཀློང་། དག་པའི་ཞིང་ཁམས། ཤེལ་གྱི་གུར་ཁང་སོགས་ཐ་སྙད་མང་དག་ཅིག་ཡོད་མོད། འོན་ཀྱང་དེ་དག་ལ་འགྲེལ་བཤད་གནང་སྐབས་གཞི་རིག་པ་ཉིད་ཁོ་ན་ཉིད་ལས་ཟག་བཅས་རྡུལ་ལུས་ཀྱི་ཕོ་བྲང་དང་ཤེལ་གྱི་གུར་ཁང་ལྟ་བུར་འགྲེལ་ན་གོ་རྒྱུ་དེ་ཙམ་མེད་སྟབས། དེས་ན་བདེ་བ་ཆེན་པོའི་ཕོ་བྲང་ནི། སེམས་ཉིད་འོད་གསལ་ཟེར་ནའང་འདྲ། གཞི་རིག་པའི་རྒྱལ་པོ། སེམས་ཉིད་མ་བཅོས་པའི་ངང་ལ་གནས་པའི་ཚུལ་དེ་རང་ལ་གོ་དགོས་པ་འདྲ་ཞིག་མཐོང་གིན་ཡོད་ཞུ། དེ་མིན་འཆད་ཚུལ་གཞན་ཡང་དཔེར་ན། སྐྱབས་འགྲོའི་ལྷ་བསྐྱེད་སྐབས་སུ་སྤྱི་གཙུག་ཁྲུ་གང་མདུན་གྱི་ནམ་མཁའ་ལ། རང་གི་དྲིན་ཅན་རྩ་བའི་བླ་མ་ཀུན་བཟང་གཤེན་ལྷ་དང་གཉིས་སུ་མེད་པ་སོགས་ཡོད་པ་རྣམས་ཀྱང་དོན་དུ་གོང་ཞུས་ལས་འདའ་ས་གཞན་མེད་པར་སེམས།།
_____ཧི་མ་ལ་ཡའི་རྒྱལ་སྲས་ནས།
ལན། སྐབས་འདིར་སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་ཞེས་པ་ནི། སྐྱབས་འགྲོའི་སྒོམ་རིམ་ལས་གསལ་བ་ལྟར་རང་གི་སྤྱི་གཙུག་ཕྲུ་གང་གི་མདུན་གྱི་ནམ་མཁའ་ལ་བསྐྱེད་པའི་ལྷ་ཡི་གཞལ་ཡས་ཁང་སྟེ། ཞིང་དག་པ་སྟོང་གསུམ་རབ་འབྱམས་བདེ་བ་ཆེན་པོའི་ཕོ་བྲང་འོད་ཀྱི་གཞའ་གུར་འཁྲིག་པའི་དབུས་སུ་རང་གི་རྩ་བའི་བླ་མ་དེ་ཉེིད་ཐ་མལ་གྱི་རྣམ་ཅན་མ་ཡིན་པར་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ། དུས་གསུམ་བདེར་གཤེགས་ཐམས་ཅད་ཀྱི་རྩ་བའི་ལྷ་་གཤེན་ལྷ་འོད་དཀར་གྱི་བདག་ཉིད་ཅན་དུ་བཞུགས་པར་བསྒོམ་དགོས་པའི་ཚུལ་དེ་ཡིན་དགོས། གཞུང་དོན་སོ་སོར་བསྟུན་པའི་བླ་མའི་རྣམ་འབྱོར་ཡོད་པ་ལས་སྐབས་འདིར་རང་གི་རྩ་བའི་བླ་མ་ནི་ཞང་ཞུང་བཀའ་ཉམས་གཉིས་ཀྱི་གདམས་ངག་གི་མཛོད་འཆང་བ་ཀུན་བཟང་ཐུགས་ཀྱི་སྤྲུལ་པ་པ་ཏི་ཧྲི་ཙ་རྒྱན་མེད་གཅེར་བུའི་ངོ་བོར་བཞུགས་པ་དེ་ཉིད་རང་གི་སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ་གསལ་གདབ་ནས་གསོལ་བ་འདེབས་པའི་ཚུལ་ཡིན་པ་མཁྱེན་གསལ་ལྟར་ལགས། སྤྱིར་བདེ་བ་དང་བདེ་བ་ཆེན་པོ་ནི་སྐབས་ཀྱི་བཤད་གཞི་དང་བསྟུན་ཏེ། ཐར་པ་དང་། ཐར་པ་ཆེན་པོ། ལམ་དང་། མི་སློབ་པའི་ལམ། གནས་དང་། གནས་མ་ཡིན་པ། བདེ་སྟོང་ཡེ་ཤེས་དང་། ཟུང་འཇུག་ཕྱག་རྒྱ་ཆེན་པོ། གཅེར་གྲོལ་དང་། མཐའ་གྲོལ་སོགས་ཐ་སྙད་རྣམ་གྲངས་མང་པོའི་སྒོ་ནས་མདོ་སྔགས་སེམས་གསུམ་གྱི་རིམ་པ་དང་བསྟུན་པའི་མཚན་འདོགས་སྟངས་སྣ་ཚོགས་མཆིས་པ་ལས། དོན་གྱི་མདོ་རྩ་ལ་དྲིལ་ན་རང་སེམས་བདེ་བ་ཆེན་པོ་དེ་ལས་བདེ་ཆེན་གཞན་ཞིག་འཚོལ་དགོས་ན་རྙེད་དཀའ་འོ། །སྐབས་ཀྱི་ཚིག་གི་གདགས་གཞི་ཕོ་བྲང་ཞེས་པ་ནི་ཀློང་དེ་དང་། གནས་དེ་རང་ལ་གོ་དགོས་པ་ལས་གཞན་དུ་མ་དམིགས་སོ་སྙམ་མོ། །ཞོར་འཕྲོས་སུ་བགྲོ་གླེང་ཚུལ་དུ་བགྱིས།
_____དགེ་སྲིད་པའི་མིག་ནས།