བཅོས་མིན་བཀའ་དྲིན་སྙིང་ནས་དྲན་པའི་དབྱངས་རྟ་རིང་མོ་དེ་རིང་ལེན།
རྩོམ་བྲིས་པ། དགེ་བཤེས་བསྟན་འཛིན་སྦྱིན་པ།
གསང་གསུམ་བསྟན་པའི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་དུས་བཀའ་དྲིན་རྗེས་དྲན་ཞུས་པ།
གཡུང་དྲུང་ལྷ་ཡི་འོད་ཀྱི་དམུ་ཐག་ཟེར་དང་འགྲོགས་ནས་ཐུགས་ལ་བསྟིམས་པའི་རྨི་ལམ་ཞིག།
ལྡོང་བཟའ་ཡུམ་གྱི་དགོངས་པའི་བཅུད་དུ་ཟླ་དགུ་ངོ་བཅུར་གུད་དུ་སྦས་པའི་མེ་སྟག་ལོར།།
སྨྲ་བའི་སེང་གེས་ཟུར་ཕུད་བཀྲོལ་ནས་མི་ཡི་ཟོལ་དུ་ཁྱེའུའི་གཟུགས་སུ་བཞེངས་དང་ལྷན།།
གོ་ལའི་རྩེ་ནས་ཁྱུང་ཆེན་གཤོག་སྒྲོའི་ཉག་མར་འཇུས་ཏེ་དོག་ལ་ཕེབས་པ་སྐལ་པ་བཟང་།།
དཀར་ཕྱོགས་སྐྱོང་བའི་གཡེན་ཁམས་རྣམས་ཀྱང་དགྱེས་དགུ་རོལ་མོས་གནམ་ས་འུར་བ་དང་།།
སྲིད་པའི་གཏམ་རྒྱུས་སྙན་ལ་སྒྲོན་བཞིན་ལོ་ཟླའི་ཕྲེང་བ་ལྷ་ཀླུ་མི་དང་འགྲོགས་པའི་དུས།།
ཁྱེད་ཀྱི་ཐུགས་གསང་ཨ་ཡིག་མེ་ལོང་འགྲོ་ལ་གཟིགས་པའི་སྤྱན་དུ་གྱུར་པའི་གཟིགས་སྣང་མཚར།།
ཡུམ་གྱི་ཐུགས་བརྩེ་ཟླ་འོད་དཀར་པོས་ལུས་ཀྱི་ཀུན་དའི་ཡལ་འདབ་ལོ་མ་རྒྱས་པར་བྱས།།
ལྷ་བོན་སྒོ་བཞི་དབྱངས་སུ་གྱེར་བའི་རྒྱལ་ཐེབས་གཉིས་ཀྱིས་ཁྱེད་ཀྱི་རུས་རྐང་ལྷུ་ཚིགས་གསོས།།
ཞབས་གཉིས་གོམ་པ་འདེག་འཇོག་བྱེད་དུས་འཕྲུལ་ཡིག་བཞི་བཅུའི་ང་རོ་དབྱངས་སུ་གྱེར་བཞིན་དུ།།
འཇིག་རྟེན་སྒྱུ་མ་དྲན་ཐེངས་རེ་ལ་བློ་ལྡོག་རྣམ་བཞིས་བཅོས་མིན་ངེས་འབྱུང་ཐུགས་ལ་གཏགས།།
སེམས་ཀྱི་ཡེ་ཤེས་ཞིང་ཁམས་བཀོད་པའི་ཀློང་དུ་འདྲེས་ནས་ལྷ་དང་མཁའ་འགྲོ་མཛུབ་རྩེར་བཞེངས།།
ལྡོང་གི་མྱེས་པོས་ཕྱག་གི་འདུ་བྱེད་པིར་ལ་བཅོས་ནས་རྒྱུ་རྩལ་རི་མོའི་ཞིང་ཁམས་འགྲིམས།།
སྐྱེས་ཆེན་དུ་མའི་ཡེ་ཤེས་མིག་གིས་ཁྱེད་ཀྱི་གཟུགས་སྐུའི་བཀོད་པ་རེ་ལ་དབྱིངས་ནས་གཟིགས།།
མེ་སྟོན་བླ་མས་བྱིས་པའི་རྩེད་གྲོགས་གནང་ཐེངས་རེ་ཡིས་ཉིན་གང་ལུས་སེམས་དགའ་བདེས་ཟིན།།
རྣལ་འབྱོར་བཟོད་པའི་བསིལ་ཆབ་ཁྲུས་ཀྱིས་སྒོ་གསུམ་འཇུག་པ་ནམ་ལངས་ཉི་ཤར་བཞིན་དུ་གྱུར།།
ལོ་བརྒྱད་བྱིས་པའི་ངང་ཚུལ་དེ་ལ་སྐྱེ་དགུར་བྱམས་པའི་ལྷན་སྐྱེས་ཐུགས་གཤིས་བཅོས་མིན་གྲུབ།།
རྒྱལ་བ་གཉིས་པའི་མཁྱེན་བརྩེའི་འོད་ཟེར་ཁྱེད་སྐུར་ཐིམ་པའི་ལས་སྣང་དར་དཀར་རིང་མོ་དེར།།
ཕྱག་གིས་མ་བཏང་ཞབས་ཀྱིས་དེད་ནས་གཙང་སྟོན་བཅོ་བརྒྱད་གདན་ས་འགྲིམས་པའི་ཉིན་མོ་ནས།།
བོན་ལ་བརྩོན་ཞིང་བོད་ལ་བརྩེ་བའི་ཐུགས་རིག་འོ་མཚོའི་ཁ་གཏིང་དཔོག་མཁན་སུ་ཞིག་བྱོན།།
གོང་འོག་བར་གསུམ་གདན་ས་རྣམས་ཀྱི་ཡོངས་འཛིན་རྒན་གཞོན་གཅིག་ཆད་གཉིས་ལྷག་མ་ཤོར་བར།།
བླ་མའི་བླ་མ་གོང་མའི་གོང་མར་བསྟེན་ཅིང་བསྟེན་ནས་ཐུགས་དགོངས་དངོས་གྲུབ་ཉམས་སུ་མྱོང་།།
རྩ་བ་ཡན་ལག་གྲངས་སུ་བགྲང་བའི་ཚུལ་ཁྲིམས་པད་དཀར་མིག་སྙིང་སྲོག་བས་གཅེས་པར་བསྐྱངས།།
བཅུ་ཕྲག་ལོ་ངོའི་འཚོ་བའི་ཁ་དོག་ཐོས་བསམ་སྒོམ་པའི་ཟས་གོས་བྱས་ནས་སྐུ་ཚེ་བསྐྱལ།།
སྤོང་སྒྱུར་གྲོལ་གསུམ་ལམ་གྱི་འཇུག་སྒོ་གཅིག་བགྲོད་གཉིས་བགྲོད་གསང་ཆེན་རྫོགས་པའི་རྩེ་མོར་འཛེགས།།
དུས་ཀུན་གཡོ་མེད་ཉིན་མཚན་འདས་པའི་ལོ་ཟླའི་ཁྲོད་ན་ཁྱེད་ཀྱི་ཞབས་རྗེས་ལྷག་པར་གསལ།།
བཅུ་ཕྲག་རིག་པ་ཐུགས་སུ་བསྟབ་པའི་སྐྱེད་ཚལ་དེ་ནས་སྨྲ་བའི་སེང་གེའི་འཛུམ་ཞལ་གྲོལ།།
བོན་གཤེན་བསྭོ་སྒྲའི་ང་རོ་འདོན་བཞིན་རིག་པའི་སེང་ཆེན་སྨན་གྱི་རི་རྩེའི་ཞོལ་ནས་བཞེངས།།
མཉམ་མེད་བླ་མའི་ཁྲི་རབས་གཉིས་༼བསྟན་པ་བློ་གྲོས། ཉི་མ་དབང་རྒྱལ།༽དང་ཡོངས་འཛིན་བགྲེས་པོའི་ཐུགས་བསྐུལ་ལྕག་ཚན་གཙང་མ་ཡིས།།
གཙང་གི་གདན་སའི་འདུས་པ་ལྔ་བརྒྱའི་གོང་གི་ཁྲི་འཕང་ཉིད་ལ་བྱིན་པའི་དགའ་སྟོན་རྟེན་འབྲེལ་ཞིག།
གཅིག་དགུ་ཞེ་བརྒྱད་ལོ་འགོར་བཤམས་ནས་ད་བར་ཉིན་གཅིག་བསྟན་དོན་སེམས་ནས་བོར་མྱོང་མེད།།
བཤད་སྒྲུབ་འདུས་པའི་སྡེ་ཆེན་བསྐྱངས་ཤིང་སློབ་ཚོགས་བརྒྱ་ཕྲག་བསྟན་པའི་སོན་དུ་བསྐྱེད་ཅིང་བསྲིངས།།
དེ་དང་དེ་བཞིན་བསམ་བརྗོད་འདས་པའི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་མུ་ཏིག་བསྟར་ལ་བརྒྱུས།།
སོ་གཉིས་ཁྲི་འཛིན་༼ཤེས་རབ་བློ་གྲོས།༽གསུམ་པའི་སློབ་དཔོན་༼ཚུལ་ཁྲིམས་དབང་ལྡན།༽ལས་སོགས་བསྟན་པའི་མགོ་ལུས་ཡན་ལག་ཆ་ཚང་བསྐྲུན།།
དུས་ཀྱི་རླུང་ནག་གཅིག་འཕྲད་གཉིས་འཕྲད་མདུན་གྱི་ལམ་ཐིག་སྟེང་འོག་ཕྱོགས་མཚམས་བཀབ་པའི་དུས།།
ལྔ་བརྒྱའི་ལོ་ངོའི་རིན་ཆེན་སྦུག་ནོར་སྲོག་དང་བསྡོས་ནས་བསྲུངས་པའི་མཛད་རྣམ་རི་ལས་བརྗིད།།
ས་མཐར་བྱོལ་བའི་རྒོད་པོ་ཁྱུ་ཞིག་ཕྱོགས་མཐའ་ངེས་མེད་ལས་ཀྱིས་འཕུར་དགོས་བྱུང་བའི་དུས།།
ཤ་གཟན་རྩམ་གཟན་མགོ་ཟླུམ་མང་པོའི་བསླབ་གསུམ་སྲོག་ཀར་གཏིང་ནས་འགྱེལ་བའི་ཆག་སྒོའི་ཁྲོད།།
ཁྱེད་ཀྱི་ཚུལ་ཁྲིམས་འདམ་སྐྱེས་པད་མའི་ཏིང་འཛིན་དྲི་བསུང་ཤར་ནུབ་ཡུལ་གྲུ་ཀུན་ཏུ་ཁྱབ།།
དེས་ན་སྔོན་བྱོན་འདུལ་རྒྱུད་མཁན་པོས་རྒྱུད་རིམ་ཤེལ་དཀར་རྡོག་གཅིག་ཁྱེད་ལ་གཏད་པ་འདྲ།།
གནམ་སའི་བར་དུ་ལོང་རྙོབ་བྱས་འདྲའི་ཀྱག་ཀྱོག་ལམ་ཁ་གཅིག་འཕྲད་གཉིས་འཕྲད་བྱུང་ན་ཡང་།།
ཚོགས་སྦྱོར་དགེ་སྒྲུབ་ཆད་ལྷག་ཤོར་བའི་ཉིན་གཅིག་རྣམ་ཐར་ཉིན་ཐོའི་ཐོག་ལ་འགོད་མྱོང་མེད།།
ནུབ་ཕྱོགས་རིག་པའི་སློབ་གླིང་འགྲིམས་ནས་ཤེས་རིག་ཕན་ཚུན་གོ་རྟོགས་སྤེལ་རེས་མཛད་ན་ཡང་།།
རང་གི་རྩ་དོན་སུ་དང་གང་ཆེད་སླ་བཅོས་བྱས་ནས་ཚེ་འདིའི་ཁེ་ཕན་བསྒྲུབས་མྱོང་མེད།།
རིམ་དགུ་ཐེག་པ་སྐད་གཉིས་ལོ་ཙྭའི་སྒྲ་ལ་དྲངས་ནས་གླིང་བཞིའི་ཁྱོན་དུ་དང་པོ་སྤེལ།།
མཁས་པ་མཁས་པའི་མིང་བྱང་རིང་པོ་རྣ་རྒྱན་བཏགས་པའི་ཕྱི་ནང་མཐོ་རིམ་མང་པོ་དང་།།
སློབ་ཚོགས་དུ་མས་བླ་རུ་བཏེགས་ནས་གོང་དུ་བཀུར་བའི་གཟི་བརྗིད་ཆེ་མཐོང་ཐོབ་མྱོང་ཡང་།།
ང་བོའི་མགོ་འཕང་མཁའ་རུ་བཏེགས་ནས་གཞན་སྨད་བྱས་པའི་ནག་ཐིག་རྐང་གཅིག་ཞབས་ལ་མེད།།
རེ་བའི་མིག་འབུར་ཁྱེད་ལ་གཏད་པའི་ལྷ་སྡེ་ཁྱུ་ཞིག་ཐུགས་ཀྱི་བརྩེ་བས་མ་དོར་བར།།
ལོ་གསུམ་བསགས་པའི་གཙང་གོས་དོ་པོ་ཕྱག་རྟགས་བསྣམས་ནས་འཕགས་པའི་ཡུལ་དུ་ཕྱི་མིག་གཅེར།།
སྡེ་ཆེན་མང་པོའི་བག་ལ་ཞ་བའི་ཉམ་ཐག་བོན་འབངས་ཕྱོགས་མཚམས་ཀུན་ནས་གཅིག་ཏུ་བསྡུས།།
ཆེ་དགུ་མགོ་བོའི་མཐུན་གྲོགས་བཙལ་ཏེ་བོན་གྱི་གཞིས་ཁྲིམས་དེབ་སྐྱེལ་ཞུས་ནས་ཚོགས་པ་བཙུགས།།
ཤར་ལྷོ་ནུབ་བྱང་ཡུལ་ཁམས་བཅོ་བརྒྱད་ཉིན་མཚན་འགྲིམས་ནས་བོན་གཞིས་ཆེད་དུ་དཀའ་བ་སྤྱད།།
ཚ་བའི་ཁམས་དང་འཚེ་བའི་འབུ་སོགས་གནོད་བྱེད་མང་པོའི་གདོང་པ་བཤགས་ནས་བོན་དར་བཙུགས།།
དྷོ་ལན་ཇི་ཞེས་ས་བབ་མཐོ་ཞིང་ཤིང་འབྲས་མོད་པའི་རི་ཆུ་ལུང་གཤོང་ཡངས་པ་དེར།།
ཐོབ་རྒྱལ་གསར་པའི་མིང་བརྡ་དང་པོ་དཀའ་སྤྱད་རྔུལ་ཆུས་གཅིག་དགུ་རེ་བདུན་ལོ་དེར་བསྐྲུན།།
དེ་དང་དེར་མཚུངས་གནའ་དཔེ་བརྒྱ་ཕྲག་གློ་དོལ་ཡུལ་ནས་མི་རྟས་བསུ་འདྲེན་བྱས་དང་ལྷན།།
ཡོངས་འཛིན་གོང་མའི་ཐུགས་བཞེད་ཇི་བཞིན་འཕྲུལ་ལ་བཏབས་ནས་ཕྱོགས་མཐའ་ཡུལ་གྲུ་ཀུན་ཏུ་སྤེལ།།
ཁྱིམ་ཚང་དགུ་བཅུ་མི་གྲངས་བཞི་བརྒྱའི་སྡོད་གནས་རང་འགྲིགས་རོགས་ཚོགས་མི་རྒན་བཙལ་ནས་བསྐྲུན།།
སེམས་ཀྱི་རྟེན་སའི་བླ་རྒན་གྲྭ་རྒན་ལུས་བདེ་སེམས་སྐྱིད་ས་ཁང་སྦུག་ཏུ་བཞུགས་གནས་བསྩལ།།
སྨན་གྱི་རི་བོའི་དགོན་གནས་གཉིས་པ་ཞོགས་སྐར་ཇི་བཞིན་ཐོབ་གསར་གྲོང་གི་ལ་མགོར་བཞད།།
ཁྲི་འཛིན་བླ་མ་སོ་གསུམ་ཆེན་པོ་ལྷ་བླའི་ལུང་ལྟར་རེ་དགུའི་ལོ་དེར་མངའ་ཆེན་གསོལ།།
ཐོས་བསམ་སྒོམ་དང་སྤྱི་འབངས་རེ་བ་ཉིན་ལྟར་ཆགས་མེད་གཅིག་ཏུ་བསྐྱངས་པའི་ཉེར་ལེན་ལས།།
བོན་གྱི་མགོ་བོ་མི་དང་ལྷན་དུ་དགྱེ་དགྱེ་བྱེད་བཞིན་གོམ་སྟོབས་ཆེན་པོས་མཐོ་ལམ་བསྙེགས།།
ཡོངས་འཛིན་གོང་མ་བདེ་བར་གཤེགས་ཀྱང་རྗེས་སྐྱོང་གསོན་པོས་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་བཞེངས།།
བླ་ཆེན་མི་ཆེན་ཞལ་སྔར་འགྲིམས་ཞོར་རྒྱབ་གཉེར་དང་བཅས་བཤད་སྒྲུབ་འདུས་སྡེ་གསར་དུ་ཚུགས།།
བཅུ་ཕྲག་ལོ་གྲངས་གདན་ཐོག་གཅིག་ནས་འཆད་རྩོད་རྩོམ་དང་རིག་པའི་གནས་ཀྱིས་སློབ་ཚོགས་བསྐྱངས།།
གྱ་དྲུག་ལོ་མགོར་དགེ་བའི་བཤེས་ཀྱི་མཚན་རྟགས་ཐོབ་པའི་མི་དྲུག་བོན་གྱི་རྒྱན་དུ་གྲུབ།།
དུས་ཀྱི་སྐྱ་མདས་བསུ་མགྲོན་དང་བཅས་གྱ་དྲུག་ལོ་༼༡༩༨༦༽དེར་གངས་ཅན་མགོན་དུ་ཐོག་མར་ཕེབས།།
འཁོར་གསུམ་སྤངས་དག་ཐེངས་གཅིག་བྱས་ནས་སྨན་གྱི་རི་བོའི་བཤད་སྒྲུབ་རྩ་ལག་སླར་ཡང་བསླངས།།
སྟོད་སྨད་བར་གསུམ་ལྷ་འབངས་སྡེ་ཀུན་དབང་ལུང་ཁྲིད་ཀས་ཤི་གསོན་རེ་བའི་འདོད་པ་བསྐངས།།
དགོན་སྡེ་རི་ཁྲོད་བསྐྱར་གསོའི་ལས་ལ་མདོ་སྔགས་སེམས་ཀྱི་སློབ་ཚོགས་འཛུགས་པའི་རྟེན་འབྲེལ་བསྒྲིགས།།
ཤར་ལྷོ་ནུབ་བྱང་འུར་གྱིས་བཀང་ནས་ཕྱོགས་མཐའ་རིས་མེད་བླ་སྤྲུལ་མི་སེར་ཁྲི་ཁྲག་གིས།།
ཕྱིར་ལ་མི་གཏོང་འདི་རུ་བཞུགས་པའི་གསོལ་འདེབས་རེ་སྐུལ་མིག་ཆུར་བསྲེས་ནས་བོས་ན་ཡང་།།
ཡུམ་གྱི་ཐུགས་བསྐྱེད་ཟླ་འོད་དཀར་པོས་གོ་ལའི་མདུན་རྒྱབ་གཉིས་ཀ་གཟིགས་ནས་སྐུ་ཉིད་ལ།།
ཁྱེད་ཀྱི་འགྲོ་དོན་གླིང་བཞིར་ཡོད་ཕྱིར་འདི་རུ་རྗེས་ཆགས་མེད་དོ་ཅེས་པའི་གསུང་གིས་ཚིམས།།
གཞིས་ལུས་མི་མང་བརྩེ་བས་སྐྱོང་བཞིན་རྩ་བའི་དགོན་ཁག་བཅུ་ཕྲག་དུ་མ་ཞབས་ཀྱིས་བཅགས།
ཤུལ་ལུས་མི་རྒན་བླ་སྤྲུལ་དུ་མའི་ཁ་ཆེམས་ཡིག་རྒན་ཐུགས་ལ་བཀོད་བཞིན་སྒང་དྲུག་འགྲིམས།།
བསྟན་པའི་རྩ་ལག་སོ་ཐར་བསླབ་པ་ཀུན་ལ་བགོས་ནས་འདུལ་འཛིན་བརྒྱ་སྟོང་བསྐྱེད་སྤེལ་ཞུས།།
ལོ་དེའི་བསྟན་པའི་སོ་ནམས་ལེགས་ཕྱིར་གཡུར་ཟའི་འབྲས་བུ་ན་རིམ་སྨིན་དེས་བོན་ཁམས་གསོས།།
རྟོགས་ལྡན་༼རག་ཤི་རྟོགས་ལྡན། ཁ་བོ་རྟོགས་ལྡན།༽གཉིས་གཙོས་སྐྱེས་མཆོག་ལྷན་དུ་ཁྲིད་ལུང་དབང་ཀ་འབུལ་བཞེས་མཛད་དེ་བོན་རྒྱུན་མཐུད།།
སླར་ཡང་འཕགས་ཞིང་གདུལ་བྱའི་མགོན་དུ་ཁྲི་འཛིན་ཆེན་པོའི་ཕྱག་དཔུང་བཏེགས་ནས་སློབ་ཚོགས་བསྐྱངས།།
རབ་འབྱམས་མཛད་རིམ་སྐབས་ཐོག་ལྔ་རིང་ཁྲིད་ལུང་དབང་དང་འཆད་རྩོད་རྩོམ་པས་བོན་འཁོར་བསྐོར།།
བཀའ་འགྲེལ་བསྟན་བཅོས་མུ་ཏིག་རྡོག་བཞིན་རྒྱུད་གཞུང་ཁུངས་ནས་རྩལ་དུ་བཏོན་ཏེ་རྗེས་སུ་བཞག།
གང་དུ་ཕེབས་པའི་ཞིང་ས་རེ་ལ་འོད་ཀྱིས་གཏམས་པའི་མཛད་རྗེས་རེ་རེ་དོད་ནས་ཡོད།།
སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཚན་ཁས་ཡུལ་ཁག་དུ་མའི་དད་འབངས་གསོ་བའི་བྲེལ་བ་ཡིས།།
གོ་གཉིས་ལོ་ནས་གདན་ས་གཉིས་པར་༼གདན་ས་གཉིས་པ་རྒྱ་གར་སྨན་རི་དགོན།༽ཡུན་དུ་བཞུགས་ནས་བཀའ་འཁོར་སྐོར་བའི་ལོངས་མེད་ཀྱང་།།
སློབ་དཔོན་གསར་པ་༼འཕྲིན་ལས་ཉི་མ།༽ཁྲི་རུ་བཀོད་ཕྱིར་ཁྲི་འཛིན་ཆེན་པོའི་༼སྨན་རིའི་ཁྲི་འཛིན་སོ་གསུམ་པ།༽ཕྱག་དཔུང་རམ་འདེགས་ཁྲིགས་སེ་འགྲིགས།།
ཁྱེད་ཀྱི་ཞབས་ཟུང་རི་མོ་རེ་ལ་འདི་དང་ཕྱི་མའི་རྗེས་རེ་ཡོད་པའི་ནང་ཚན་ལས།།
གཟིགས་དགོངས་ཚད་ལྔ་ཐུགས་ལ་བཀྲམས་ནས་བརྩོན་པས་བསྐྲུན་པའི་འགྲོ་བའི་མཆོད་སྡོང་གསར་པ་ཞིག །
གཤེན་རབ་མི་བོའི་ཞབས་རྗེས་དོད་སའི་བལ་པོའི་ལྟེ་བར་དུས་སུ་སྐྱེས་པའི་རྣམ་ཐར་འདིས།།
གངས་རི་ངོ་མའི་ལོ་རྒྱུས་གསོན་པོ་འཛམ་གླིང་བསྐྱལ་འདི་རིག་གཞུང་འདི་ཡི་ཆེ་བ་ཞིག །
གཤིས་ཀྱི་ཡིན་ལུགས་ངོ་ཡིས་མཇལ་མཁན་སློབ་ཚོགས་དུ་མས་བོན་གྱི་བདེན་མཐའ་སྐྱོང་དང་ལྷན།།
ཆོས་རྒྱལ་ནོར་བུས་མགོ་བོ་དུད་ནས་སྙན་རྒྱུད་བོན་སྐལ་དད་པས་བླངས་པའི་དགེ་མཚན་དང་།།
བསྟན་པའི་བདུད་ཀྱིས་བསྟན་པ་གསོད་པའི་ལོ་རྒྱུས་དཀར་ནག་སུ་དང་གང་ལ་ཡོད་ན་ཡང་།།
ཁྱེད་སྐུ་འགྱུར་མེད་གཡུང་དྲུང་གཟུགས་ལ་མ་བདུད་སྲུང་མའི་སྐྱོབ་པ་ཡོད་ཕྱིར་གཞོམ་ཐབས་བྲལ།།
བོན་གཤེན་གོང་མའི་སྨོན་ཚིག་བདེན་པ་མཐའ་ནས་གསལ་བའི་དུས་ཀྱི་ལ་ཚེགས་ཀྱ་ཀྱོག་ཁྲོད།།
གོ་བཞིའི་ལོ་༼༡༩༩༤༽འགོར་ཁྲི་བརྟན་ནོར་རྩེའི་ཕྱི་ནང་ཁོར་ཡུག་ལེགས་གྲུབ་བྱུང་བའི་མཛད་སྒོ་ཞིག།
བོན་གྱི་མགོ་བོ་ཁྲི་འཛིན་ཆེན་པོས་དབུ་རྒྱན་བྱས་ནས་སྐྱོང་དང་ལྷན་དུ་བཤད་སྒྲུབ་ཚུགས།།
དམུ་རྒྱལ་ཉི་མའི་གདན་སའི་ཆེ་མཐོང་ཀླུ་གྲུབ་རི་བོའི་འཕང་ནས་རྒྱས་ཏེ་གླིང་བཞིར་ཁྱབ།།
སློབ་གླིང་འདི་རུ་ཁྲི་འཛིན་གཉིས་༼ཉི་མ་དབང་རྒྱལ། བརྟན་པ་གཡུང་དྲུང་།༽དང་སློབ་དཔོན་༼བརྟན་པ་གཡུང་དྲུང་། ཚངས་པ་བསྟན་འཛིན།༽མཁན་པོ་༼ཚུལ་ཁྲིམས་བསྟན་འཛིན།༽གཅིག་རྗེས་གཉིས་མཐུད་ཕེབས་དང་ལྷན།།
བཤད་སྒྲུབ་རིག་གནས་ཐུགས་ལ་བསྟབ་པའི་བསླབ་པ་མཐར་སོན་བཅུ་ཕྲག་དྲུག་ཞིག་ངང་གིས་བསྐྱེད།།
དེ་བཞིན་འཛམ་གླིང་ཡུལ་གྲུ་ཀུན་ཏུ་བོན་གྱི་བླ་མས་འདུས་ཚོགས་སྐྱོང་བའི་ངང་ཚུལ་དག།
ཁྱེད་ཀྱི་སྐུ་གསུང་ཐུགས་དང་འབྲེལ་ཕྱིར་བཀའ་དྲིན་གོ་སྟོན་མི་ཞུ་མཁན་ཞིག་སུ་ཡང་མེད།།
ལྷ་དང་སྲུང་མས་ཉིན་མཚན་དབྱེར་མེད་ཁྱེད་ལ་གཟིགས་པའི་མཐུ་དཔུང་རྒྱབ་རྟེན་བཙན།།
སྔ་ཕྱི་བར་གསུམ་ལན་གྲངས་ལྔ་ཙམ་ཉིད་ཀྱི་ཞབས་སེན་གངས་ལ་རེག་པའི་རྗེས་ཤིག་ཡོད།།
བསླབ་གསུམ་འདུས་ཚོགས་བརྒྱ་ཕྲག་དུ་མར་ཁྱེད་ཐུགས་ཉིང་ཁུ་ལོངས་སུ་སྤྱོད་པའི་བསོད་སྐལ་ཐོབ།།
ལིག་མིན་རྐྱ་དང་གཤེན་བསྟན་གླིང་སོགས་ཚོགས་སྡེའི་རྐང་པ་ཁྱེད་ལ་བརྟེན་ནས་རྩ་ལག་རྒྱས།།
ནང་གི་ཉམས་རྟོགས་སྒམ་པོའི་ངང་ནས་གུད་དུ་སྦས་ཏེ་སུ་ལ་སྨྲ་བའི་ལུགས་མེད་ཀྱང་།།
ཟ་ཟུར་གསུང་གི་གསེབ་ཀ་རེ་ནས་ཁྱེད་ཀྱི་རྟོགས་པའི་མཐོ་ཚད་དེ་ལ་ཧ་ལས་ནས།།
ཀུན་བཟང་མི་ཡི་རྣལ་རོལ་ངོ་མ་ཁྱེད་ཉིད་མིན་ན་གཞན་དུ་རེ་བ་དབེན་ཞེས་སྨྲ།།
དེ་ཕྱིར་ང་ནི་བསོད་ནམས་ཆེ་བ་ངོ་ཡིས་ཟིན་ནས་རྟག་ཏུ་དགའ་བདེས་ཚིམས་ནས་ཡོད།།
ཁྱེད་ཀྱི་རྣམ་ཐར་གཟུགས་སུ་སྤྲུལ་ན་གནམ་ས་གཉིས་ཀྱང་ངལ་བའི་རྒྱུ་རུ་འགྲོ་སྲིད་པས།།
དེ་ཕྱིར་གོ་སྟོན་ཚིག་གི་ལོ་མ་བརྒྱ་ཕྲག་བཞག་ནས་གསོལ་འདེབས་ངག་ལ་གྱེར་བཞིན་དུ།།
ཡིད་ཀྱི་དམིགས་པས་བྱིན་རླབས་སེམས་ལ་བསྟིམ་པའི་ཞོར་དུ་སྐད་གཅིག་སྨྲ་བསམ་བརྗོད་མེད་ངང་།།
ལྷུན་འགྲུབ་མཆོད་པ་སྟོང་ཕྲག་དུ་མས་ཞིང་ཁམས་བཀང་སྟེ་ཁྱེད་ཀྱི་དགུ་བཅུའི་གོ་སྟོན་ཞུ།།
ཞེས་མེ་ལོང་ཞེས་སུ་འབོད་པས་བདུན་ཕྲག་གོང་མའི་གོ་སྟོན་མཆོད་ཕྲེང་དེའི་མཇུག་མ་ལྟ་བུ་བྱས་ཏེ་ཕྱི་ལོའི་ ༢༠༡༥ ཟླ་ ༠༡ ཚེས་ ༢༤ ཉིན་གྱི་གུང་གསེང་དང་བསྟུན་ནས་ཕུལ་བས་འགལ་འཁྲུལ་གང་བྱུང་རྩ་བ་གསུམ་གྱི་དྲུང་དུ་འཆགས་སོ།།