བཀའ་རྒྱུད་སྐོར་བཞིའི་སྐོར་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། དགེ་རིས་མེད་པ།
དྲི་བ། ༡) བཀའ་རྒྱུད་སྐོར་བཞིའི་ནང་གི་ཕྱི་ལྟ་བ་སྤྱི་གཅོད་སོགས་བཞི་པོ་དེ་རྒྱུ་མཚན་གང་གི་སྒོ་ནས་དབྱེ་བ་ཡིན། ནང་ཕར་ཚུར་མི་འདྲ་བ་གང་ཡོད་དམ། ༢) རྫོགས་ཆེན་སེམས་ཀློང་མན་ངག་སྡེ་གསུམ་གང་དང་གང་ཡིན། སོ་སོར་ཁྱད་བོན་གང་ཡོད། ཕར་ཚུར་མི་འདྲེས་པའི་སྲོག་གང་གིས་བཟུང་དགོས་སམ།
༡) ལན། བླ་མེད་རྫོགས་པ་ཆེན་པོའི་གདམས་པའམ་འཇའ་ལུས་འཕོ་ཆེན་ཉེར་བཞིའི་སྙན་བརྒྱུད་གཙོ་བོར་བྱས་པའི་རྫོགས་ཆེན་གྱི་བོན་སྡེ་འདི་དག་ལ། ཕྱི་ལྟ་བ་སྤྱི་གཅོད་དང་། ནང་མན་ངག་དམར་ཁྲིད། གསང་བ་རིག་པ་གཅེར་མཐོང་། ཡང་གསང་གནས་ལུགས་ཕུགས་གཅོད་དུ་བཤད་པ་ཞེས་འཆད་ལུགས་བཞི་ཙམ་ཡོད་འདུག་སྟེ།
དང་པོ། ཕྱི་ལྟ་བ་སྤྱི་གཅོད་ཅེས་པ་ནི། སྤྱིར་བཏང་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་སྤྱི་ཁོག་ཙམ་ངོས་འཛིན་ཚུལ་དུ་བསྟན་པས་དང་། དེའང་སྙན་རྒྱུད་ལས། “ གདམས་པ་འདི་ནི་ཀུན་གཞི་ངོས་འཛིན་པའི་མེ་ལོང་། །” ཞེས་གསུངས་པ་སོགས་ཀྱིས་ཤེས་ནུས་པ་དང་། དེ་བཞིན་ཕྱི་ལྟ་བ་སྤྱི་གཅོད་ཀྱི་སྐབས་སུ་རྒྱུད་བུ་ཆུང་བཅུ་གཉིས་ཀྱི་དོན་གཙོ་བོར་བསྟན་ལ། སྐབས་དེའི་གཞུང་ནས། “རང་འབྱུང་ཀ་དག་ཡེ་སངས་རྒྱས། །བོན་དང་བོན་ཅན་ཐམས་ཅད་ཀྱང་། །རང་གི་སེམས་ཡིན་གཞན་མིན་པས། །ཐམས་ཅད་རང་འབྱུང་ཉིད་དུ་ལྟོས། །” ཞེས་སེམས་ཀྱི་གནས་ལུགས་ངོས་བཟུང་ཚུལ་གཙོར་བོར་བསྟན་ཡོད།
གཉིས་པ། ནང་མན་ངག་དམར་ཁྲིད་ཅེས་པ་ནི། སེམས་ངོས་བཟུང་རྗེས་རིག་པས་ཇི་ལྟར་ལྟ་ཚུལ་གཙོ་བོར་བསྟན་ཏེ། སྙན་རྒྱུད་ལས། “ཡེ་ཤེས་ལྷག་གིས་མཐོང་བའི་སྒྲོན་མེ། རིག་པ་གཅེར་གྱིས་མཐོང་བའི་མན་ངག” ཅེས་གསུངས་པ་དང་། ནང་མན་ངག་དམར་ཁྲིད་ཀྱི་སྐབས་སུ་གཙོ་བོར་སྒྲོན་མ་དྲུག་གི་གདམས་པ་སོགས་བསྟན་པས། སྐབས་དེའི་གཞུང་ལས། “མེ་ལོང་ངོས་ལ་བཞིན་བསྟན་ན་གསལ་བ་ལྟར། གདམས་པ་འདིས་གཞི་མ་མཐོང་བ་མཐོང་བར་བྱེད་པའོ། །ཡེ་ཤེས་གབ་བསྐུངས་འདོན་པའི་སྒྲོན་མ་སྟེ། སྒྲོན་མེ་འདེགས་པས་རྫས་གསལ་བ་ལྟར་ཡེ་ཤེས་ཀྱི་གབ་བསྐུངས་མངོན་དུ་འདོན་པར་བྱེད་པ་ལ།” ཞེས་རིག་པ་གཞི་ལ་ཇི་ལྟར་འཇུག་ཚུལ་བསྟན།
གསུམ་པ། གསང་བ་རིག་པ་གཅེར་མཐོང་ཞེས་པ་ནི། རིག་པས་གཞི་ཡི་ངོ་མཐོང་རྗེས་དག་མ་དག་གི་སྣང་བ་རྣམས་ཇི་ལྟར་འཇོག་ཚུལ་བསྟན་ཏེ། སྙན་རྒྱུད་ལས། “འཁྲུལ་བ་རྩད་ནས་གཅོད་པའི་སྟ་རེ། །” ཞེས་གསུངས་པ་དང་། གསང་བ་རིག་པ་གཅེར་མཐོང་སྐབས་སུ་མན་ངག་ལེའུ་བརྒྱད་གཙོ་བོར་བསྟན་པས། སྐབས་དེའི་གཞུང་ལས། “རྟོག་པ་སྣ་ཚོགས་སུ་སྣང་བ་དེ་ཡེ་ཤེས་ཀྱི་སྣང་བ་ཡིན་པས། རྟོག་པ་བྱང་ཆུབ་ཀྱི་སེམས་སུ་ཤེས་པར་གྱིས་ཤིག རྟོག་པ་དང་ཡེ་ཤེས་ཐ་མི་དད་དམ་སྙམ་ན། རྟོག་པ་རང་ཡེ་ཤེས་ཡིན་ནམ་སྙམ་ན། བོན་ཉིད་ལ་བློ་བཞག་པས་རྟོག་པ་སྟོང་པར་ཤེས། སྟོང་པ་བོན་ཉིད་དུ་ཤེས། རྟོག་པ་བོན་ཉིད་དུ་ཤེས་ན། གཉིས་སུ་མེད་པར་སངས་རྒྱས་པའོ། ། ” ཞེས་རྟོག་བཅས་སམ་དག་མ་དག་གི་འཁྲུལ་བ་གཅོད་ཚུལ་བསྟན།
བཞི་པ། ཡང་གསང་གནས་ལུགས་ཕུགས་གཅོད་ཅེས་པ་ནི། མཐར་ཐུག་རང་སེམས་འདི་ཉིད་ཀུན་གཞིའི་གནས་ལུགས་དེ་ཉིད་ལས་འདའ་ས་མེད་པར་དེ་ཁོ་ན་ཉིད་དུ་ཐག་གཅོད་པར་བསྟན་ཏེ། སྙན་རྒྱུད་ལས། “གནས་ལུགས་མཛུབ་ཚུགས་སུ་སྟོན་པའི་སྙིང་གཏམ། །” ཞེས་དང་། ཡང་གསང་གནས་ལུགས་ཕུགས་གཅོད་སྐབས་སུ་གཙོ་བོ་གཟེར་བུ་ཉེར་གཅིག་སོགས་བསྟན་པས། སྐབས་དེའི་གཞུང་ལས། “ སྐལ་ལྡན་ཤེས་རྒྱུད་ཀྱི་གཞི་ལ་བསྐྱལ་བའི་ཕྱིར། །ཞེས་པས། གདམས་པ་འདིས་སྐལ་ལྡན་གྱི་གང་ཟག་རྣམས། ལམ་ལས་ལ་བཟླས་ཏེ་གནས་ལུགས་གཞི་ཐོག་ཏུ་སྐྱེལ་བར་བྱེད་པའོ། ། ” ཞེས་དག་མ་དག་དང་། རྟོགས་པ་དང་མ་རྟོག་པ་སོགས་ཀྱི་སྣང་ཚུལ་ཐམས་ཅད་གཞི་དེ་ཉིད་རང་གི་རྩལ་དང་ཆོ་འཕྲུལ་དུ་ཐག་བཅད་རྗེས་མཐར་ཐུག་གི་གྲོལ་ཚུལ་བསྟན་པ་ཡིན་པར་སྙམ་མོ།། །།
༢) ལན། རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེ་རྣམས་ནི། དང་པོ་སེམས་སྡེ་ནི། གབ་པ་དགུ་སྐོར་དང་། སེམས་སྨད་སྡེ་དགུ གསེར་གྱི་ལུང་ནོན་ཆེ་ཆུང་དང་། རིག་པའི་ཁུ་བྱུག་སོགས་ཡིན། གཉིས་པ་ཀློང་སྡེ་ནི། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་སོགས་དང་། གསུམ་པ་མན་ངག་གི་སྡེ་ནི། སྙན་རྒྱུད་བཀའ་རྒྱུད་བསྐོར་བཞི་དང་། ཉམས་བརྒྱུད་རྒྱས་འབྲིང་བསྡུས་གསུམ་སྟེ། རྒྱས་པ་སྐྱ་སྨུག་གི་རྒྱུད་སྐོར་དང་། །འབྲིང་པོ་སོར་བཞག བསྡུས་པ་ཐོར་བུ་སོགས་མདོར་ན་སྙན་རྒྱུད་སྐོར་རྣམས་ཡིན། དེ་དག་ཕན་ཚུན་དཀར་ནག་དང་མདུན་རྒྱབ་ལྟ་བུའི་མ་འདྲེས་པ་ཞིག་ཡིན་དགོས་ས་མི་འདུག་སྙམ། རྒྱུ་མཚན་ནི། རྫོགས་ཆེན་གྱི་བོན་སྡེ་ཕལ་ཆེར་བསྒྲགས་པ་སྐོར་གསུམ་གྱི་བསྟན་བྱར་མ་འདུས་པ་ཞིག་མེད་པར་སེམས་སོ།། །།