ཕྱྭ་ཚེ་གཡང་གསུམ་གྱི་ཁྱད་གང།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། དགེ་རྔུལ་རྫའི་ཆུ་གཏེར།
དྲི་བ། ཕྱྭ་དང་། ཚེ། གཡང་གསུམ་གྱི་ཁྱད་པར་འབྱེད་ཚུལ་དང་དེ་དག་གི་འབྲེལ་བའི་དཔེ་རྒྱུད་སོགས་གསུང་རོགས།
ལན། ཐ་སྙད་དེ་དག་ནི་མི་ལོ་ཁྲི་སྟོང་མང་པོར་བརྒྱུད་ནས་འོང་བ་ཤ་སྟག་ཡིན་རྩང་འདི་དང་དེ་ཞེས་ཁ་ཚོན་གཅོད་ནས་བཤད་དཀའ་ཡང་དེ་དག་དང་འབྲེལ་བའི་བོན་གྱི་གཞུང་རྣམས་སུ་དཔྱད་པ་ཅུང་ཙམ་རེ་བྱ་ན།
ཕྱྭ་ཞེས་པའི་སྐོར།
སྤྱིར་བཏང་ཐ་སྙད་འདིར་ཕྱྭ་དང་ཕྱ་གཉིས་སུ་འདུག་ལ། མཁས་པ་ལ་ལས་དེ་གཉིས་ཀྱི་གོ་དོན་མི་འདྲ་བ་རེ་ཡོད་ཚུལ་སོགས་གསུང་གིན་འདུག་མོད། འོན་ཀྱང་ཏུན་ཧོང་ཡིག་རྙིང་ལས་བྱུང་ ´´ཕྱ་´´ དང་བོན་གཞུང་རྣམས་སུ་བྱུང་བའི་ ´´ཕྱྭ་´´ གཉིས་ཀྱི་གོ་དོན་གཅིག་པར་བསྟན་པ་ཡང་ཡོད་སྟབས། འདིར་དེ་གཉིས་ཀྱི་ཁྱད་པར་མི་བཤད་པར་དེའི་གོ་དོན་ཐད་ལ་གླེང་རྒྱུ་ཡིན།
དང་པོ་གདུང་རྒྱུད་ལ་གོ་བ་ནི། ལྟ་བ་ཁྱུང་ཆེན་ལྡིང་བའི་རྒྱུད་ལས། ´´མིའི་རྒྱུད་སྟོང་བདལ་ལྷ་ལས་ཆད། དང་པོ་ཁ་ཡེ་མུ་ལ་འཐེན།´´ ཞེ་པ་ནས། ´´དེ་ནས་ཕྱྭ་སངས་འོལ་ལ་འཐེན།´´ སོགས་ནས། ´´དམུ་རྒྱལ་དེ་ཡི་གདུང་འཛིན་དུ། རྒྱལ་བོན་ཐོད་དཀར་གདུང་དུ་བཞག´´ ཅེས་སྔ་མ་སྔ་མའི་སྲས་ཕྱི་མ་ཕྱི་མ་ཡིན་པར་བཤད་པ་ལྟར་ཡིན། དེ་བཞིན་ཕྱྭ་ཡུལ་སྣང་བ་གཡུ་རྩེ་དང་། ཕྱྭ་གཟའ་གུང་དྲུག་སོགས་ཀྱིས་མཚོན་ནུས།
དཔྱད་བཅོས་པྲ་ལྟས་ལ་གོ་བ་ནི།ཕྱྭ་གཤེན་ཐེག་པའི་གཞུང་རྣམས་སུ་གསལ་བའི་མོ་རྩིས་གཏོ་དཔྱད་དག་ལས་ཤེས་ནུས། དེ་དག་སྐོར་རྒྱས་པ་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་པོད་གཉིས་པ་ལས་གསལ།
བླ་དང་དབང་ཐང་སོགས་ལ་གོ་བ་ནི། ཏུན་ཧུང་ཡིག་རྙིང་ལས། ´´ནད་ཕ་ལ་བཏབ་ན་ཕྱ་ཉམས་པའྀ་ངོ། བོན་བྱས་ནའ་གདོན་ལན་པྱིར་ལྟས་ཏེ་ཕན་ནོ།´´ ཞེས་བླའམ་ཡང་ན་དབང་ཐང་ཉམས་པར་བོན་བྱ་ན་ཕན་ཞེས་པའི་དོན་ཡིན་པ་འདྲ། དེ་བཞིན་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་སྐབས་སུ་སྣང་གཤེན་བལ་ཐོད་ཅན་གྱིས་ཕྱྭ་དང༌་གཡང་འགུགས། ཞེས་བཤད་པར་བརྟག་ན་སྐབས་འདིར་དབང་ཐང་དང་བླ་སོགས་ཉམས་པར་རྣམས་ཕྱིར་འགུག་པར་གོ་དགོས་སྙམ།
ད་དུང་ཕྱྭ་ཡི་སྐོར་ལ་(མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག)ཅེས་པའི་བོན་གྱི་དཔེ་རྙིང་ཞིག་ཀྱང་ཡོད། དེའི་ནང་དུ་ཕྱྭ་ཡི་བྱུང་སྟངས་སྐོར་ཞིག་འདུག་དྲན། དཔེ་ཆ་དེའི་མ་དཔེ་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེའི་ཕྱག་ཏུ་ཡོད་ཚུལ་ཞིག་གོ་མྱོང་། དེང་རབས་པར་བསྐྲུན་ནི་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་གཙོ་བསྒྲིགས་གནང་སྟེ། ཉི་ཧོང་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་གིས་པར་བསྐྲུན་བྱས་པའི་དཔེ་རྙིང་ཕྱོགས་བསྒྲིགས་དེབ། The Call of Blue Cuckoo (ཁུ་བྱུག་སྔོན་མོའི་གསུང་སྙན།) ཞེས་པ་དེའི་ནང་ཡོད།
ཚེ་ཞེས་པའི་སྐོར།
སྤྱིར་ཚེ་ཞེས་པ་ནི་དུས་ཚོད་དམ་ཡུན་ཚད་ཅིག་ལ་གོ་རྒྱུ་ལས་གཞན་མེད། དཔེར་ན། མི་ཞིག་ལ་མཚོན་ན་སྐྱེས་པ་ནས་འཆི་བའི་བར་གྱི་ཡུན་ཚད་དམ་དུས་ཚོད་དེར་མི་དེའི་ཚེ་ཞེས་འབོད། འོན་ཀྱང་ང་ཚོའི་ཚེ་དང་འབྲེལ་བའི་གནས་སྟངས་མང་པོ་ཞིག་ཐ་སྙད་དེ་དང་སྦྱར་ཏེ་བེད་སྤྱོད་བཞིན་ཡོད་ལ། དཔེར་ན། ཚེ་གཡང་། ཚེ་བཀྲག ཚེ་བཅུད་སོགས་དུ་མ་ཞིག་ཡོད། འོན་ཀྱང་སྐབས་འདིའི་ཐ་སྙད་རྣམས་ཚེ་དང་རྟག་ཏུ་འབྲེལ་བའི་དབང་ཐང་དང་ནུས་པ་སོགས་ལ་གོ་བ་ལས་ཚེ་ཡི་དོན་མིན། དེ་བཞིན་ཚེ་འགུག་དང་ཚེ་བསྲིང་། ཚེ་སྒྲུབ་སོགས་ཀྱང་སྐྱེ་འགྲོ་དེའི་ཚེ་ཡི་ཡུན་ཚད་རིང་དུ་གཏོང་བའམ་བརྟན་པོར་བཟོ་བའི་ཐབས་དང་ཆོ་ག་ལ་འབད་པར་གོ་བ་ཡིན། དེ་བཞིན་ཕྱྭ་ཚེ་ཞེས་པའང་མི་དེ་གསོན་པའི་ཡུན་ཚད་སྐབས་སུ་བླའམ་སྲོག་དེ་ཉིད་ཚེ་དང་འགྲོག་ནས་ཡོད་སྟབས་གོང་ལྟར་ཕྱྭའམ་བླ་འགུག་པར་ཕྱྭ་ཚེ་འགུག ཅེས་བརྗོད་བཞིན་ཡོད། ཚེ་ཡི་སྐོར་ནི་ཚེ་སྒྲུབ་ཀྱི་གཞུང་རྣམས་དང་ཚེ་མདོ་སོགས་སུ་གཟིགས་དགོས།
གཡང་ཞེས་པའི་སྐོར།
སྤྱིར་བཏང་གཡང་ཞེས་པ་ནི་རྒྱུ་འབྱོར་དང་དངོས་འགྲུབ་སོགས་ལ་གོ་བ་འདྲ། དེའང་རྒྱུ་ནོར་ལོངས་སྤྱོད་ལ་གོ་བ་ནི། གཡང་རྟེན་དགུ་ར་དགུ་ཁྱུད་དང་གཡང་སྒྲུབ་སོགས་ལས་གསལ་བའི་ཚིག་བཤད་དང་གཡང་རྫས་དག་གིས་ཤེས་ནུས། དེ་བཞིན་གཡང་གི་ར་བ་སྒོ་བཞི་སོགས་ལ་གཞིག་ན་དེ་དག་མིས་འབྱོར་བར་བདག་པའི་ཕྱུགས་རིགས་ཡིན་སྟབས་རྒྱུ་འབྱོར་ལ་གོ་བའི་གནད་ཅིག་རེད། ད་དུང་གཡང་འབོད་ཀྱི་གཞུང་ཚིག་རྣམས་སུ། མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཞེས་པ་ནི། མིའི་ཕྱྭའམ་བླ་དང་། ཕྱུགས་ཀྱི་གཡང་ངམ་འབྱོར་བ་སྐྱོབས། ཞེས་པའི་དོན་ཡིན།
སྐབས་འདིར་བོན་གཞུང་རྣམས་སུ་དམུ་ཡད་ཅེས་པའི་ཚིག་དེ་དང་གཡང་གཉིས་ཀྱི་གོ་དོན་ཅུང་འདྲ་བོ་ཡོད་པའི་ཆ་ནས་གོང་དུ་ངས་དངོས་འགྲུབ་ལའང་གོ་ཆོག་པའི་བསམ་ཚུལ་དེ་བརྗོད་པ་ཡིན། གཡང་གི་སྐོར་ནི་རྣམ་རྒྱལ་གཡང་སྒྲུབ་དང་ནོ་ལྷ་གཡང་འབོད། གསེར་འོད་གཡང་སྐྱབས་སོགས་ཀྱི་འདོན་ཆོག་དང་གཞུང་དུ་མ་ཞིག་ཡོད།
དཔྱད་བསྡོམས།
ཕྱྭ་ནི་མིའི་བླ་དང་དབང་ཐང་ལ་གོ་བ་དང་། ཚེ་ནི་སྐྱེ་འགྲོ་དེ་འཇིག་རྟེན་འདིར་འཚོ་བར་གནས་པའི་ཡུན་ཚད་དེར་གོ ། གཡང་ནི་མིར་བདག་པའི་རྒྱུ་འབྱོར་ལ་གོ་དགོས་པར་འདུག་སྙམ།