ཕྱི་རིག་པའི་བོན་སྡེ་ལ་སྟོན་པའི་བཀའ་ཇི་ལྟར་ཡོད་དམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། སྤྱིར་སྟོན་པའི་བཀའ་དང་དེའི་སྲས་བུ་སློབ་རྣམས་ཀྱི་བཀའ་བརྟེན་རྣམས་སུ་ཕྱི་རིག་པའི་བོན་སྡེ་དང་དེའི་གཞུང་ཆ་ལག་སོགས་གསལ་པོ་བསྟན་པ་གྲངས་མང་བཞུགས་ཀྱང་། སློབ་པ་རྣམས་ཀྱིས་ངེས་སླ་བ་དང་ཁ་གསལ་ཞིག་ནི། རྣམ་མཁྱེན་སྟོན་པ་གཤེན་རབ་མཆོག་གི་བཀའ་མདོ་དྲི་མེད་གཟི་རྗིད་ལས།
“བཞི་བ་ཕྱི་ཡི་རིག་པ་ལ། །དེ་ཡང་རྣམ་པ་བཞི་ཡིན་ཏེ། །མདོ་འབུམ་གཟུངས་གསུམ་མན་ངག་བཞི། །ཐོག་མར་མདོ་ལ་རྣམ་པ་གསུམ། །སྣང་སྲིད་ཀུན་གསལ་གཏོ་ཡི་མདོ། །རིན་ཆེན་ཀུན་གསལ་རྩིས་ཀྱི་མདོ། །གཙུག་ལག་གབ་ཙེ་དཔྱད་ཀྱི་མདོ། །གཉིས་པ་འབུམ་ལ་རྣམ་པ་གསུམ། །སྣང་སྲིད་གཏོ་འབུམ་ནག་པོ་དང་། །རིན་ཆེན་ཀུན་འབུམ་ཁྲ་བོ་དང་། །གཙུག་ལག་དཔལ་འབུམ་དཀར་པོ་གསུམ། །གསུམ་པ་གཟུངས་ལ་རྣམ་པ་གསུམ། །སྣང་སྲིད་ཁ་བསྐངས་གཏོ་ཡི་གཟུངས། །རིན་ཆེན་ཀུན་གསལ་རྩིས་ཀྱི་གཟུངས། །གཙུག་ཏོར་དཀར་མོ་གདུགས་ཀྱི་གཟུངས། །བཞི་བ་མན་ངག་རྣམ་པ་གསུམ། །གབ་རྩེ་བྱང་གླིང་དགུ་བསྐོར་དང་། །ཇུ་ཞགས་སྲིད་པའི་འཁོར་ལོ་དང་། །མན་ངག་དུས་འཁོར་རྩིས་འཛིན་གསུམ། །ཕྱི་ཡི་རིག་པའི་བོན་སྡེ་འོ། །” ཞེས་གསུངས་པ་ལྟར་རོ། །