ཕྱི་གླིང་པས་བོད་དང་བོན་པོར་ཞིབ་འཇུག་བྱས་པའི་ལྟ་བའི་སྐོར་རོབ་ཙམ་གླེང་བ།
རྩོམ་བྲིས་པ། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས།
ཕྱི་གླིང་པས་བོད་དང་བོན་པོར་ཞིབ་འཇུག་བྱས་པས་ལྟ་བའི་སྐོར་རོབ་ཙམ་གླེང་བ།
དོན་ཚན་དང་པོ། དུས་རབས་བཅུ་དགུའི་དུས་སྨད་ནས་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་དང་དྲུག་ཅུའི་བར་གྱི་ཕྱི་གླིང་བ་ཚོས་བོད་ཀྱི་བོན་པོར་འཛིན་པའི་ལྟ་ཚུལ།
ཐུའུ་བཀྭན་གྲུབ་མཐའ་རྒྱ་གར་པ་ལོ་ཙྭ་བ་ཙནྡྲ་ད་སིས་དབྱིན་སྐད་དུ་བསྒྱུར་ཏེ་ཕྱི་ལོ་ ༡༨༨༡ ལོར་དཔར་སྐྲུན་བྱས་པས་དེ་ནི་ཕྱི་གླིང་པས་བོན་པོར་འཛིན་པའི་ལྟ་བའི་རྨང་གཞི་དུ་གྱུར་པ་རེད། མདོར་ན་དེས་ནི་བོན་གྱི་སྐོར་ལ་བརྡོལ་བོན་དང་། འཁྱར་བོན། བསྒྱུར་བོན་གསུམ་དུ་ཕྱེ་བའི་བོན་དཀར་དང་བོན་ནག་གཉིས་སུ་ཕྱེས་ཡོད་པ་ལྟར། ཕྱི་གླིང་པའང་དེ་བཞིན་བོད་ཀྱི་བོན་པོའི་ཆོས་ལུགས་ལ་འཕེལ་རིམ་གསུམ་དབྱེ་ཡོད་པ་རེད།
དང་པོ་དེ་ནི་ཐུབ་བསྟན་བོད་དུ་མ་དར་གོང་གི་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཏེ། གདོད་མའི་བོན་པོའམ་གཙུག་ལག་ཅེས་ཀྱང་ཟེར།། དེ་ནི་རང་བྱུང་ཁམས་ཀྱི་འཁོར་ཡུག་བརྟེན་ནས་བྱུང་བའི་ཁྱད་ཆོས་ཡོད་ཅིང་བགྲང་དུ་མེད་པའི་ལྷ་དང་འདྲེ་ལ་དད་གུས་བྱེད་པ་སོགས་༼བརྡོལ་བོན༽གཞི་རྩའི་ཐོག་ནས་ད་ལྟའི་བོད་ཀྱི་དམངས་ཁྲོད་ཀྱི་ཆོས་ལུགས་ལྟ་བུའམ། སི་སྦི་ཡ་ས་ཁུལ་ཙམ་མ་ཡིན་པར་ཨེ་ཤེ་ཡའི་ནང་ཁུལ་དང་ཐུར་ཀི་སི་ཐན་གྱི་ཤར་དང་ནུབ། དེ་བཞིན་སོག་པོ་དང་མན་ཇུ། བོད་ཀྱི་མཐོ་སྒང་། ཐ་ན་རྒྱ་ནག་དང་བཅས་སུ་དར་ཁྱབ་ཆེན་པོ་བྱུང་བའི་གནའ་བོའི་ལྷ་འདྲེའི་ཆོས་ལུགས་སམ་ཤ་མན་གྱི་ཆོས་ལྟ་བུ་ཡིན་པར་བརྗོད།
གཉིས་པ་བོན་གྱི་གཞུང་ལུགས་འཕེལ་རྒྱས་ཕྱིན་པའི་དུས་རིམ་ནི་བོད་ཀྱི་ནུབ་ཕྱོགས་སུ་ཡོད་པའི་ཆོས་ལུགས་འདྲ་མིན་མང་པོ་ཡོད་པ་དེ་དང་། རྒྱ་གར་གྱི་ཆོས་ལུགས་གསང་སྔགས་ཀྱི་སྐོར་སོགས་རྒྱ་གར་གྱི་གྲུབ་མཐའ་ཁ་ཤས་ཀྱི་ལྟ་གྲུབ་བཅས་མཉམ་དུ་འདྲེས་༼འཁྱར་བོན།༽ཏེ་འཕེལ་རྒྱས་སུ་ཕྱིན་ཡོད་པར་འདོད།
གསུམ་པ་ནི་ཐུབ་བསྟན་བོད་དུ་དར་རྗེས་སུ་བོད་ཀྱི་བོན་པོ་ཚོས་ཐུབ་བསྟན་ལེགས་ཆ་བླངས་བ་དང་བཟོ་བཅོས་༼བསྒྱུར་བོན༽མང་པོ་བྱས་ཏེ་སྒྲིག་གཞི་འཐུས་ཚང་ཡོད་པའི་གཡུང་དྲུང་བོན་ཅེས་བཏགས་ཤིང་བོན་གྱི་ཆོས་ལུགས་ལ་སྒྲིག་གཞི་ཆ་ཚང་བ་གྱུར་ཚུལ་བཅས་བཤད་ཡོད་པ་དེ་ནི། ཐུའུ་བཀྭན་གྲུབ་མཐའ་ལ་རྨང་གཞི་བྱས་ཏེ་བོད་རྒྱུད་ནང་བསྟན་མཁས་དབང་སྐྱེས་ཆེན་རིམ་བྱོན་ཚོས་མཛད་པའི་དཔེ་དེབ་ཁག་ཏུ་འཁོད་པའི་བོན་པོའི་སྐོར་ལ་ཕྱི་གླིང་པ་ཚོས་ཞིབ་འཇུག་བྱས་འབྲས་བོད་ཀྱི་བོན་པོར་འཛིན་པའི་ལྟ་གྲུབ་ཅིག་རེད་ལ། མ་ཟད་དེ་ཚོ་ནི་ཕྱི་ལོའི་དུས་རབས་བཅུ་དགུའི་དུས་སྨད་ནས་བཟུངས་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་དང་དྲུག་ཅུའི་ནང་དུ་ཕྱི་གླིང་བས་བོན་པོ་ཙམ་མ་ཟད་བོད་ཀྱི་ལོ་རྒྱུས་ཀྱི་སྐོར་ལ་ཞིབ་འཇུག་གི་སྔོན་འགྲོ་ལྟ་བུ་ཞིག་ཆགས་བསྡད་ཡོད་པ་དང་། ཕྱི་གླིང་མཁས་དབང་མར་སེལ་ལྭ་ལོད་ཀྱིས། གལ་ཏེ་ང་ལ་བོན་གྱི་དམིགས་བསལ་ཁྱད་ཆོས་ཅན་གྱི་ཡིག་འབྲུ་གཉིས་ཀྱིས་སྡོམ་ཚིག་རྒྱག་ཏུ་བཅུག་ན་ངས་དེ་ནི་ཁྲག་དང་དུག་གཉིས་པོ་དེ་རེད་ཅེས་བཤད་ཀྱིན་ཡིན། ཅེས་བཤད་ཡོད་པ་སོགས་ཕྱི་གླིང་བ་མ་ཐིས་ཧེར་མན། ཧོ་ཧྥུ་མན་། མག་དྷོ་ནོ། རོལ་ཕུ་སི་ཏན་མཁས་དབང་མང་པོར་བོན་ལ་མི་རངས་བའི་ལྟ་ཚུལ་འཛིན་པའི་བག་ཆགས་གཏིང་ཟབ་པོ་བཞག་ཡོད་པ་རེད། །
དོན་ཚན་གཉིས་པ། དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་ནས་བཟུང་ཕྱི་གླིང་བས་བོད་དང་བོན་གྱི་ལོ་རྒྱུས་ལ་འཛིན་པའི་ལྟ་བའི་ཁ་ཕྱོགས།
ཕྱི་ལོ་ ༡༩༦༠ ལོར་དྷ་ཝད་སི་ནེལ་ག་རུབ་ལ་བོད་ནས་ཡོང་བའི་བོན་གྱི་དགེ་འདུན་པ་ཤེས་ཡོན་ཅན་འགའ་ཐུག་འཕྲད་བྱུང་བ་སོགས་ཕྱི་ལོ་ ༡༩༦༡ ལོར་དགེ་འདུན་པ་དེ་ཚོའི་ཁྲོད་ནས་མི་གསུམ་༼༧སྨན་རི་སློབ་དཔོན་བསྟན་རྣམ་དག ༧སྨན་རི་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ། མཁར་རྨེའུ་བསམ་གཏན་རྒྱལ་མཚན།༽དབྱིན་ཇིའི་རྒྱལ་སར་གདན་ཞུས་ཏེ་ལོ་འགའ་མཉམ་ལས་གནང་ཞིང་འབྲས་བུ་གཟེངས་སུ་ཐོན་པའི་ཁོང་གིས་༼བོན་གྱི་ཐེག་པ་རིམ་དགུ༽ཞེས་པ་བརྩམས་ཤིང་ཕྱི་ལོ་ ༡༩༦༧ ལོར་དཔར་སྐྲུན་བྱས་པའི་བོན་གྱི་བསྟན་ཆོས་ཀྱི་ནང་དོན་བདམས་བསྒྱུར་བྱས་ཤིང་ཡོ་རོབ་དུ་ངོ་སྤྲོད་བྱས་པའི་དེབ་དང་པོ་དེ་ཡིན་ཞིང་། ཁོང་གིས་ཡིག་བསྒྱུར་སྐབས་སུ་ཡིག་ཕྲེང་རེ་རེ་བཞིན་གོ་བརྡུར་མཛད་ཅིང་གལ་གནད་དཀྲོལ་རོགས་གནང་མཁན་སྐྱབས་རྗེ་སྨན་རིའི་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་ཡིན་ཞིང་། བོན་པོ་རང་གི་ཆོས་ལུགས་དང་ལོ་རྒྱུས་ཡོད་པར་ཁོ་ཚོས་ཧ་གོ་རྒྱུ་གལ་ཆེན་བྱེད་དགོས་ཚུལ་བསྐུལ་མ་བཏང་བའི་དེབ་དང་པོ་དེ་རེད་ཅེས་བཤད། དེ་རྗེས་མཁར་རྨེའུ་བསམ་གཏན་གྱིས་ཤར་རྫའི་༼ལེགས་བཤད་མཛོད༽དབྱིན་ཡིག་ཏུ་བསྒྱུར་ཏེ་ཕྱི་ལོ་ ༡༩༧༢ ལོར་དཔར་སྐྲུན་བྱས་པས་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་བལྟ་སྐབས། ཕྱི་གླིང་བའི་བོད་རིག་པའི་ཞིབ་འཇུག་པས་བོན་ལ་འཛིན་པའི་ལྟ་བ་རིམ་བཞིན་འགྱུར་ལྡོག་ཕྱིན་འགོ་ཚུགས་ཤིང་། མ་ཟད་ཕྱི་གླིང་བས་བོད་རིག་པའི་ཞིབ་འཇུག་བྱེད་པར་གང་ས་ཅི་ཡི་ཐད་ན་ཆ་རྐྱེན་ཡག་ཏུ་ཕྱིན་པ་དང་། ཁོ་ཚོས་བོད་ཀྱི་སྐད་ཡིག་ཤེས་མཁན་ཡོད་པ་སོགས་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཆེ་རུ་སོང་ཞིང་། གནའ་རྫས་རྟོགས་ཞིབ་པའི་འཁོ་བའི་དཔྱད་གཞིའི་རྒྱུ་ཆ་གསར་པ་མང་པོ་ཐོན་པ་དང་། ཏུན་ཧོང་ཡིག་རྙིང་དང་བོད་ཀྱི་རྡོ་རིང་ཡིག་གེ་སོགས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བོད་དང་བོན་གྱི་སྐོར་ལ་རྟོག་ཞིབ་རྒྱ་ཆེ་རུ་ཕྱིན་ཏེ་ཞིབ་འཇུག་ཞིབ་ཚགས་བྱས་པས། ཕྱི་གླིང་པས་བོད་ཀྱི་ལོ་རྒྱུས་དང་བོན་ལ་འཛིན་པའི་ལྟ་བ་གསར་པའི་ཕྱོགས་སུ་འཕེལ་རྒྱས་སུ་ཕྱིན་ཡོད་པ་དེ་རེད།
དེའང་དཔེར་མཚོན་ཙམ་ཞུས་ན་གཤེན་རབ་མི་བོས་བོད་ལ་དམར་མཆོད་བཀག་སྟེ་ལྷ་བོན་སྒོ་བཞི་སོགས་ཐེག་པ་རིམ་དགུའི་སྐོར་དང་། བོན་གྱི་རྫོགས་ཆེན་གྱི་ཉམས་ལེན་གྱི་སྐོར་མ་མཐའ་དུས་རབས་བདུན་པའི་ཡར་སྔོན་དུ་ཞང་ཞུང་ངམ་བོད་དུ་དར་ཟིན་པའི་བདེན་དཔང་རྙེད་ཟིན་པ་མ་ཟད་རྫོགས་ཆེན་གྱི་ཁུངས་སམ་ཕུགས་ནི་བོན་ལ་ཐུག་པའི་ངོས་འཛིན་གནང་བ་དང་། བོད་ཡུལ་གང་སར་གནའ་ཤུལ་དང་གནའ་རྫས་གཞི་རྒྱ་ཆེ་ཞིང་འབོར་ཆེན་རྙེད་སོན་བྱུང་འབྲས་བོད་ཀྱི་ལོ་རྒྱུས་ལ་བདེན་དཔང་རིང་དུ་སོང་བ་ལྟ་བུ་སོགས་རེད། ད་ལྟ་སྔོན་དུ་བཤད་ཟིན་པ་ལྟར་ཕྱི་གླིང་པ་སོགས་བོད་རིག་པའི་ཞིབ་འཇུག་པའི་དངོས་གཙོ་སྨྲ་བ་ཚོས་བོད་བརྒྱུད་ནང་བསྟན་འདིས་བོན་གྱི་འཕེལ་རིམ་ལ་འབྲེལ་བ་ཡོད་ཅིང་དེར་ཤན་ཞུགས་པ་དང་། བོད་བརྒྱུད་ནང་བསྟན་འདི་བོད་དུ་འཕེལ་རིམ་ཁྲོད་ལ་བོན་ལ་ཤན་ཞུགས་པའི་ངོས་འཛིན་མུ་མཐུད་དུ་བྱེད་ཅིང་། མ་ཟད་ཐུབ་བསྟན་གྱི་གཞུང་ལུགས་དེ་བོན་པོས་བོན་དུ་བསྒྱུར་བའི་ངོས་འཛིན་དང་དེའི་ལྟ་བ་ཤུགས་ཆེན་སླེབས་ཡོད་མོད་ཀྱང་། འོན་ཀྱང་ཁོ་ཚོས་བོན་དཔེ་༼མདོ་གཟེར་མིག་༽དང་ཆོས་དཔེ་༼ལྷ་འདྲེ་བཀའ་ཐང་༽གཉིས་པོ་ཞིབ་དཔྱད་བྱས་འབྲས། ཕྱི་གླིང་བ་ཚོའི་བསམ་ཡུལ་ལས་འདས་པའི་སྡོམ་ཚིག་ཅིག་རྙེད་པ་ནི། བོན་གྱི་ཐུབ་བསྟན་ཆོས་ལུགས་ཀྱི་དཔེ་ཆ་བཤུས་པ་མ་ཡིན་པར་དེ་ལས་ལྡོག་སྟེ་ཐུབ་བསྟན་ཆོས་ལུགས་པས་བོན་གྱི་༼གཟེར་མིག༽ཕར་བཤུས་བྱས་པའི་བདེན་དཔང་ཡང་དག་རྙེད་ཡོད་པ་སོགས་དེ་ལྟ་བུའི་བདེན་དཔང་མང་དག་ཅིག་རྙེད་ཟིན་པ་དང་རྙེད་བཞིན་པའང་རེད། །
དོན་ཚན་གསུམ་པ། དེང་སྐབས་ཀྱི་བོད་རིག་པའི་ཞིབ་འཇུག་གི་ཁ་ཕྱོགས།
ད་ཆ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞིབ་འཇུག་སྟེ་ཐུབ་བསྟན་གྱི་ངོས་ལ་བཤད་ན་བོད་བརྒྱུད་ནང་བསྟན་དང་། རྒྱ་བརྒྱུད་ནང་བསྟན། ལྷོ་བརྒྱུད་ནང་བསྟན་བར་གྱི་དཔྱད་བསྡུར་དང་། དེ་བཞིན་བོད་དང་བོན་པོ་ལའང་ཡིག་རྙིང་ཁག་དང་གནའ་རྫས། མཐོ་སྒང་གི་གངས་ཅན་བསིལ་མོའི་ལྗོངས་འདིར་འཛམ་བུ་གླིང་པའི་ཁྲོད་དུ་དབུས་ཀྱི་ལྟེ་བར་གནས་ཤིང་དེ་དང་འབྲེལ་ཡོད་ཕྱོགས་ཀྱི་རྒྱལ་ཁབ་དག་ལ་བོད་ཀྱི་ཤེས་རིག་ལ་འབྲེལ་འདྲིས་ཆེན་པོ་ཡོད་པ་གཞིར་བཞག་བྱས་ཐོག དེར་བརྟེན་བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་ཁག་གིས་ཆོས་འབྱུང་དང་ལོ་རྒྱུས་ཀྱི་ནང་དུ་བཀའ་ཡི་རྒྱས་བཏབ་ཅིང་བག་ལ་ཉལ་བའི་གནའ་བོའི་བོད་དང་བོན་གྱི་ལོ་རྒྱུས་དེ། སླར་ཡང་བདེན་དཔང་གི་སྐྱ་རེངས་དེ་སླར་ཡང་མངོན་བཞིན་པ་འདིས་བོད་འདི་གནའ་བོའི་དུས་སུ་འཛམ་གླིང་སྤྱི་ཡི་ཤེས་རིག་གི་འཕེལ་ཕྱོགས་ཀྱི་ངོ་བོ་དང་ཡོངས་སུ་མཚུངས་པའི་བདེན་དཔང་རྙེད་དང་རྙེད་མུས་ཡིན་པ་དང་། ཕྱི་གླིང་པ་ཚོ་ལ་བསམ་ཡུལ་འདས་པའི་བདེན་དཔང་འགའ་ཞིག་རྙེད་བཞིན་པ་འདི་ནི་མ་འོངས་པར་བོད་ཀྱི་ལོ་རྒྱུས་ནང་དུ་བསུབ་ཐབས་བྲལ་བའི་བདེན་དཔང་ཞིག་ཡིན་ལ་ང་ཚོས་སྤོབས་པ་སྐྱེ་འོས་པའི་གཟི་བརྗིད་ཅིག་ལོས་ཡིན་སྙམ། འོན་ཀྱང་ང་ཚོ་བོད་པ་ཚོ་འགའ་ཞིག་གིས་ད་དུང་གནའ་བོའི་བོད་ཀྱི་ཤེས་བྱ་དང་རིག་གནས་ཐམས་ཅད་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱས་པ་དང་གནའ་བོའི་བོད་ཀྱི་མི་རིགས་འདི་ཆེས་རྗེས་ལུས་རྣམ་པའི་ངོས་འཛིན་གྱི་ལྟ་བ་ད་དུང་དོར་ཐུབ་མེད་པ་དེ་རེད། དཔེར་ན་དེ་སྔོན་བོད་ཀྱི་ཆོས་འབྱུང་ཁག་གི་ནང་དུ་མ་གསལ་ཞིང་ད་ལྟའང་བདེན་དཔང་སྣེ་གཅིག་སྟོན་རྒྱུ་མེད་པའི་ད་དུང་ཡང་ཕྱི་གླིང་བ་འགའ་ཞིག་དང་སྡོངས་ཏེ་ཐུབ་བསྟན་འདི་ཨོ་རྒྱན་ནས་ཞང་ཞུང་། ཞང་ཞུང་ནས་བོད་དུ་དར་བའི་ཚུལ་དུས་རབས་ངེས་པ་མེད་པའི་ལྟ་བ་གསར་པ་སོགས་བོད་ཀྱི་ཤེས་རིག་འདི་རྒྱལ་ཁབ་གཞན་ནས་དར་ཡོང་བར་ཨུ་ཚུགས་ཀྱིས་སྒྲུབས་ཅི་ཐུབ་བྱེད་བཞིན་འདུག་པ་དེས། གངས་ཅན་ར་བས་བསྐོར་བའི་ཞིང་འདིར་ཆེས་གནའ་བོའི་སྐབས་སུ་མི་རིགས་དང་ཆབ་སྲིད་དང་། དཔལ་འབྱོར། ཤེས་བྱ་དང་རིག་གནས་སོགས་ནི་ང་ཚོའི་མྱེས་པོ་ཚོའི་ལག་རྗེས་ནི་འཛམ་གླིང་སྤྱི་ཡི་འཕེལ་རིམ་གྱི་འགྲོ་སྟངས་ལས་མི་དམན་པ་བཞག་ཡོད་པའི་ཚུལ་ནི། ཚང་མས་མཐོང་ཐོས་མྱོང་གསུམ་གྱི་སྒོ་ནས་བདེན་དཔང་རྙེད་བཞིན་ཡོད་མོད་ཀྱང་། དེ་ལྟར་ང་ཚོས་ཧ་གོ་བཞིན་དུ་བོད་པའི་ལོ་རྒྱུས་ངོ་མ་དེ་ད་དུང་ང་ཚོ་བོད་པ་འགའ་ཞིག་གིས་མཐོང་འདོད་མེད་པ་ནི་ཅི་ཡི་ཉེས་པ་ཡིན་ནམ།། །།
ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་ཞོགས་ཇ་དལ་བར་མཐུང་ཞོར་དུ་དགོས་དབང་ཞིག་གིས་བྲིས་ཏེ་སྤེལ་བའོ། ཕྱི་ལོ་ ༢༠༡༦/༦/༢༤/ཉིན། །