ཕྱག་ཏུ་འུར་རྡོ་ཐོགས་པའི་བོན་གྱི་ལྷ་སྲུང་ཡོད་དམ།
རྩོམ་བྲིས་པ། རྩོམ་སྒྲིག་པ་དགེ་ཁྱུང་༔སྨོན་ལམ་དང་ལྷ་ཐོག་དགེ་བཤེས། དྲི་བ་གཏོང་མཁན། བདག་མེད་འཇག་སྐྱ།
དྲི་བ། ཕྱག་ཏུ་འུར་རྡོ་ཐོགས་པའི་བོན་གྱི་ལྷ་སྲུང་ཡོད་དམ།
ལན། གེ་ཁོད་ཀྱི་གཞུང་ལས་སྤྲུལ་པའི་ཁྱེའུ་ཆུང་གི་ཕྱག་ཆ་བསྟན་སྐབས། ” གཡས་པས་རྒྱུད་མད་གཞུ་རྡུང་ཅོག་གེ་ཅོག །གཡོན་པས་ལྟང་མེད་མཐའ་འཕེན་ཤ་ར་ར། །སྤྲུལ་བའི་རྡོ་སྒྲ་འུར་རུ་རུ། །ཐབས་ཀྱི་མདའ་སྒྲ་ཤ་ར་ར། །དྲག་རྩལ་ཐོག་གིས་བསྐྱད་དུ་མེད། །ས་རྡོ་རི་བྲག་ཐལ་བར་འབུག །” ཅེས་གསུངས་པར། ༧སྐྱབས་རྗེ་ཡོངས་འཛིན་མཆོག་གིས་ ” རྒྱུད་མད་གཞི་དང་། ལྟང་མད་མདའ་ཞེས། རྒྱུད་མད་གཞུ། ལྟང་མད་མདའ་ཞེས་པའི་དོན་ཡིན་ན་རྒྱུད་ལྡན་གྱི་གཞུ་དང་། ལྟང་ལྡན་གྱི་མདའ་ཞེས་གོ་རུང་ཡང་། མད་ཅེས། བདེན་པ་དང་ཡོད་པའི་དོན་ཡིན་ནོ། །དེ་མིན་ཇི་ལྟར་མིག་སྔར་ཡོད་པའི་ཡིག་གཟུགས་འདི་འདྲ་ན་དོན་འདི་བཞིན་ཁོ་བོའི་སེམས་ལ་འཆར་མི་ཐུབ་པ་ཞིག་ལགས། གཞུང་ཚིག་སྣང་མེད་དུ་མི་འབོར་བར་ཞུ། །” ཞེས་ཀྱང་གསུངས་ཡོད། གེ་ཁོད་ཀྱི་སྲུང་བ་བསྟན་པའི་སྐབས་སུ་རྒྱུད་མེད་པའི་གཞུ་དང་། སྟོང་པ་མེད་པའི་མདའ་སྟེ་འུར་རྡོ་ལ་གོ་བ་ཞིག་ཡོད་དེ། དེའི་མངོན་རྟོགས་སྐབས་སུ། ” བདག་ཉིད་ཁྱེའུ་ཆུང་དུ་བསམ། འུར་རྡོ་འབྲུག་ཏུ་བསམ། རྡོ་བ་ཐོག་ཏུ་བསམ། ཆུ་བོ་ཆེན་པོ་གལ་བསྒྱུར་བར་བསམ། ལུག་ཁྱུ་སེར་བས་བདས་པ་བཞིན། ཕ་རོལ་བྱད་དང་སྦོད་སྟོང་རྣམས། ཁོ་རང་ཐོག་ཏུ་ཧྲིལ་གྱིས་ཟློག །” ཅེས་སོགས་གསུངས་ཡོད་པས། དེས་ན་གཞུང་ལུགས་རྣམས་སུ་དཔྱད་པ་གནང་གལ་ཆེ་སྙམ། །