པྲ་འབེབ་ཞེས་པའི་སྐོར་ལ་ཁ་གསལ་གསུང་རོགས།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། སྤྱིར་པྲ་འབེབ་ཅེས་པ་ནི་བན་བོན་སོགས་ཆོས་ལུགས་ཚང་མར་ཡོད་པ་ཞིག་ཡིན་པ་འདྲ། དོན་དག་ཕོ་མོ་ཁྱད་མེད་པར་མི་ཞིག་ལ་གཟུགས་མེད་ཀྱི་ལྷ་སྲུང་གང་རུང་ཞིག་གིས་ལུང་སྟོན་པའི་ཚུལ་དུ་འདི་དང་དེ་ཡོང་གི་འདུག་ཅེས་པའི་བརྡ་སྟོན་པའམ། ཡང་ན་རྫས་སྔགས་གང་རུང་ཞིག་ལ་བརྟེན་ནས་ཕར་རོལ་པོའི་གནད་དོན་བཟང་ངན་རྣམས་མིག་སྔར་སྟོན་པ་ཞིག་རེད། འདིར་ལྷ་འབེབ་པ་དང་པྲ་འབེབ་པ་གཉིས་ལ་མི་འདྲ་ས་གཙོ་བོ་དེ་ནི་ལུང་སྟོན་པའི་ལྷ་སྲུང་དེ་དག་མི་དེའི་གཟུགས་པོའི་ནང་དུ་ཞུགས་མ་ཞུགས་ཀྱི་ཁྱད་ཡོད་པར་སེམས། བོན་རང་ལུགས་སུ་པྲ་ཞེས་པ་ནི་མོ་འདེབས་པ་དང་བརྟག་པ་བྱེད་པར་གཙོ་བོར་བཤད་ཡོད། དེའང་པྲ་འབེབ་ཚུལ་གྱི་སྒོ་ནས་དབྱེ་ན་གཙོ་བོ་མེ་ལོང་པྲ་དང༌། མཐེ་བོང་པྲ། རྩ་པྲ་བཅས་རྣམ་གྲངས་གསུམ་ཙམ་ཡོད་པར་བཞེད་ལ། ད་དུང་རིགས་གཞན། ནམ་མཁའི་ཁམས་སུ་པྲ་འབེབ་པ། མིག་ལམ་དུ་ཡི་གེ་དང་ཡིད་ཀྱི་སྣང་ངོར་འཆར་བའི་པྲ་འབེབ་ཐབས་སོགས་ཀྱང་ཡོད་ཚོད་འདུག དེ་བཞིན་པྲ་སྒྲུབ་ཀྱི་གཞུང་སོགས་ཀྱང་ཡོད་པར་ཐོས་ཀྱང་ད་བར་མ་མཇལ། །