ནང་རྒྱུད་ལས། ཚད་མ་དྲུག་གིས་མ་མཚོན་ན། སོགས་ཀྱི་སྐབས་ནང་རྒྱུད་དེ་གང་ལ་ངོས་འཛིན་དགོས་སམ།
རྩོམ་བྲིས་པ། གསེར་མདོག དྲི་བ་གཏོང་མཁན། ཁྱུངཿཧྲི་ཙ།
དྲི་བ། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཚད་མ་ཀུན་བཏུས་ལས། ལུང་དྲངས་ས་”ནང་རྒྱུད་ལས་”ཞེས་པ་དེ་གཞུང་གང་ཡིན་ནམ། ཚད་མ་དྲུག་གིས་མ་མཚོན་ན། གྲི་མེད་གཡག་རོ་བཤའ་བ་འདྲ། ཞེས་པས། ཚད་མ་དྲུག་དེ་གང་ལ་ངོས་འཛིན་དགོས་སམ།
ལན། གོང་གི་ལུང་འདྲེན་ས་དེ་ནི་དབྱིལ་སྟོན་ཁྱུང་རྒོད་རྩལ་གྱི་གཏེར་མ་ (གསང་ཐུབ་ཐིག་ལེའི་བཀོད་པ) ཡིན་ལ། དེ་ཉིད་ལས། “བདེན་གཉིས་གཞལ་བྱར་མི་འཇོག་ན། །འབེན་མྱེད་མདའ་ཉེ་འཇལ་བ་འདྲ། །བོན་དང་བྲལ་ཞེས་རྩོད་པ་བཟློག །ཚད་མ་དྲུག་གིས་མི་འཇལ་ན། །གྲི་མེད་གཡག་རོ་བཤའ་བ་འདྲ། །”ཞེས་གསུངས་སོ། །
ཚད་མ་དྲུག་ནི། འགྲོ་མགོན་རིན་པོ་ཆེའི་ཚད་མ་ཀུན་བཏུས་ལེའུ་གཉིས་པའི་འཇུག་རྩོམ་ལས། “གཞལ་བྱའི་ཡུལ་ལ་འཇལ་བྱེད་ཚད་མ་ནི། །ངེས་བྱ་བཀའ་དང་དཔང་འགྱུར་ལུང་གི་དོན། །རིག་པ་མངོན་སུམ་རྗེས་དཔག་རྣམ་དྲུག་གིས། །དེ་དོན་ཉམས་སུ་མྱོང་བ་བསྐྱེད་པར་འགྱུར། །”ཞེས་གསུངས་པས། དང་པོ་རྒྱལ་བའི་བཀའ་ཚད་མ། གཉིས་པ་འཕགས་པའི་ལུང་ཚད་མ། གསུམ་པ་དོན་དམ་མཐར་ཐུག་གི་ཚད་མ། བཞི་པ་རིག་པ་ཚད་མ། ལྔ་པ་མངོན་སུམ་ཚད་མ། དྲུག་པ་རྗེས་དཔག་ཚད་མ་དང་དྲུག་འཇོག་དགོས་པ་མཁས་པ་རྣམས་ཀྱིས་བཞེད་དོ།། །།