དྲན་པ་ནམ་མཁའི་སྐོར་ལ་དྲི་བ།
དྲི་བ་གནང་མཁན། ས་དམར་ཚེ་དོན། བཀའ་ལན་གནང་མཁན། དྲ་བའི་རྩོམ་སྒྲིག་པ་ཞང་ཚུལ་མི།
དྲི་བ། གྱེར་སྤུངས་ཆེན་པོའམ་བླ་ཆེན་དྲན་པ་ནམ་མཁའ་ཟེར་བ་འདི་ལ་བོན་གྱི་རིག་གཞུང་ཁྲོད་གོ་གནས་ཆེན་པོ་ཡོད་པ་འདྲ་བས། ཁོང་གི་མཛད་རྗེས་གཙོ་བོ་དེ་གང་ཡིན་ནམ། རྣམ་ཐར་སོགས་གང་རུང་ད་ལྟ་བལྟ་རྒྱུ་ཡོད་དམ།
ལན། བོན་ལུགས་ལ་དྲན་པ་ནམ་མཁའ་ཞུ་བའི་སྔ་ཕྱིར་བླ་མ་གསུམ་ཙམ་བྱུང་བའི་ལོ་རྒྱུས་ཡོད། དང་པོ་རྫུན་སྐྱེས་དྲན་པ་ནམ་མཁའ་ནི་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་ཙམ་དུ་མཆིས་པས་དེ་ཙམ་དཔྱད་རིན་མེད་ན་ཆོག མངར་སྐྱེས་ཀྱི་དྲན་པ་འདི་ལ་ཞང་ཞུང་ཕུགས་པའི་ཡུལ་དུ་སྐུ་འཁྲུངས་པ་གཅིག་དང་། བོད་ཡུལ་དག་པོར་འཁྲུངས་པ་མི་འདྲ་བ་གཉིས་ཀྱི་ལོ་རྒྱུས་བཤད་རྒྱུ་ཡོད། དུས་རིམ་མི་འདྲ་བ་གཉིས་ཀྱི་ནང་དུ་བྱུང་བའི་མི་སྣ་དེ་གཉིས་ནི་གཤེན་རབ་མི་བོ་ཆེ་དང་རུས་རྒྱུད་གཅིག་པའི་བོན་ལུགས་གསང་སྔགས་འཆང་བའི་གཤེན་པོ་མཛད་རྗེས་ཆེ་བ་གཉིས་རེད། ཁོང་གཉིས་སྐྱེས་རབས་སྔ་ཕྱི་ཡིན་པའི་ལོ་རྒྱུས་ཀྱང་ཡོད།
ཞང་ཞུང་གི་དྲན་པ་ནམ་མཁའ།
ཞང་ཞུང་གི་དྲན་པ་ནམ་མཁའ་ནི་ཡབ་ཞང་ཞུང་གི་རྒྱལ་པོ་རྒྱུང་ཡར་མུ་ཁོད་དང་། ཡུམ་ཕྱྭ་བཙུན་གུང་མ་གཉིས་ཀྱི་སྲས་སུ་ཞང་ཞུང་ཕུགས་པའི་ས་གནས་ཁྱུང་ལུང་དངུལ་མཁར་དུ། ཕྱི་ལོའི་གོང་གི་ (༩༡༤-?) ལོར་སྐུ་བལྟམས་པར་གསུངས། ཁོང་ལ་མཚན་གྱི་རྣམས་གྲངས་དུ། དྲན་པ་ནམ་མཁའ་དང་། རྒྱུང་ཡར་བླ་ཆེན་ཁོད་སྤུངས། གྱེར་སྤུངས་དྲན་པ་ནམ་མཁས་བཅས་ཞུ་བ་རེད། སྐུ་ན་ཆུང་ངུའི་དུས་སུ་ཞང་ཞུང་གི་གྲགས་ཆེ་བའི་ལོ་པཎ་བརྒྱད་ཀྱི་དྲུང་དུ་བོན་གྱི་སྔགས་སེམས་གཞུང་ལ་དམིགས་བསལ་ཐོས་བསམ་ཞུན་བརྡར་གནང་རྒྱུའི་གོ་སྐབས་ཐོབ་པ་དང་། ཞང་ཞུང་རྒྱལ་པོའི་སྐུ་སྲས་ཡིན་སྟབས་ཞང་ཞུང་གི་མཁས་པ་རྣམས་ཀྱིས་ཤེས་ཡོན་སློབ་གཉེར་ཐད་ལ་གཏིང་སྐུལ་ནན་པོ་མཛད་པ་དང་། ཁོང་རང་ཉིད་ནས་ཀྱང་ལོ་པཎ་བརྒྱད་ཀྱི་དྲུང་དུ་ཐོས་བསམ་ཞིབ་པོ་གནང་བ་མ་ཟད། ལྷག་ཏུ་གཤེན་རབ་མི་བོའི་བཀའ་སྲིད་པའི་མཛོད་ཕུགས་ཆེན་མོར་དམིགས་བསལ་གྱིས་ཆེད་སྦྱང་ནན་པོ་མཛད་སྟེ། མཁས་གྲུབ་དག་གི་དགོངས་བཅུད་མར་ནང་ནས་སྤུ་བཏོན་པ་ལྟར་ཉིད་ཀྱི་དགོངས་ཐོག་ཏུ་འཕོས་པར་མཛད། མ་གཞི་ཁོང་ནི་གཤེན་རབ་མི་བོའི་ཐུགས་ཀྱི་བསྟན་པའི་གཉེར་དཔོན་ཡིན་པའི་ལོ་རྒྱུས་ཡོད་པས། བོན་གྱི་དད་ལྡན་རྣམས་ཀྱིས་གཤེན་རབ་ཐུགས་ཀྱི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁའ་དུ་འབོད་སྲོལ་བྱུང་། རྒྱ་གར་གྱི་བུད་མེད་འོད་ལྡན་འབར་མ་ཞེས་པ་བཙུན་མོར་བཞེས་ནས་སྲས་གཉིས་འཁྲུངས་པ་ནི། ཚེ་དབང་རིག་འཛིན་དང་། པད་མ་མཐོང་གྲོལ་གཉིས་རེད། རྗེས་སུ་ཡབ་ཡུམ་གཉིས་མ་འཆམ་སྟབས་འོད་ལྡན་འབར་མ་ནི་སླར་རྒྱ་གར་དུ་ཕྱིར་ལོག་པ་དང་། སྲས་པད་མ་མཐོང་གྲོལ་ཡང་ཡུམ་གྱི་ལྷན་དུ་ཕེབས་པར་གྲགས། བླ་མ་འདི་ཉིད་ཀྱིས་ཞང་ཞུང་གི་རྒྱལ་གཤེན་གཅིག་ལྕོགས་སུ་མཛད་ནས་ཕྱོགས་མཐར་བོན་གྱི་བསྟན་པ་རབ་ཏུ་སྤེལ་བར་མཛད་པའོ། །
ཁོང་གི་གསུང་རྩོམ་གྱི་སྐོར་ལ་མཛོད་ཕུགས་ཀྱི་འགྲེལ་བ་ <མཛོད་སྒྲ་འགྲེལ> དང་། <ཁྲོ་བོའི་སྟོད་འགྲེལ་སྨད་འགྲེལ>། <དབལ་གསས་རྩོད་ཟློག་ཞི་ཁྲོ> <རྣམ་འབྱེད་འཕྲུལ་ལྡེ> སོགས་ཀྱིས་མཚོན་པའི་རྗེས་བཞག་བསྟན་བཅོས་མང་དུ་ཡོད། ཁོང་ཉིད་ཀྱི་སྐུ་འདྲ་རྡོ་བརྐོས་ཅན་ཡོངས་གྲགས་སུ་དྲན་པའི་ཁ་རག་རྡོ་སྐུ་དུ་འབོད་པ་ཡང་དུས་ད་ལྟ་ཁྱུང་ལུང་དངུལ་མཁར་གུར་གྱམ་དགོན་དུ་བཞུགས་ཡོད། ཞིག་འཇུག་པ་རེ་འགས་དཔྱད་དོན་ལ་རྡོ་སྐུ་དེ་ཉིད་ཀྲུང་གོའི་ལོ་རྒྱུས་ཐོག་གི་སྐུ་སྔ་ཤོས་སུ་ངོས་འཛིན་གནང་བར་བློ་ལྡན་རེ་འགའི་ངག་རྒྱུད་ནས་གོ་ཐོས་བྱུང་། མཁས་པ་འདི་ཉིད་སྤྱི་ལོའི་གོང་གི་དུས་རབས་བདུན་པ་བོད་རྒྱལ་གྲི་གུམ་བཙན་པོའི་སྐབས་སུ་སྐུ་འཚོ་བཞུགས་གནང་ཡོད་སྐོར་ཚད་ལྡན་བོན་གྱི་བསྟན་འབྱུང་རྒྱལ་རབས་དུ་མ་གསལ། །
དག་པོ་དྲན་པ་ནམ་མཁའ།
དག་པོ་དྲན་པ་ནམ་མཁའ་ནི་སྤྱི་ལོའི་དུས་རབས་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ། བོད་ཡུལ་ཀོང་ཉང་དག་གསུམ་གྱི་ནང་ཚན་དག་པོའི་ཡུལ་དུ། ཡབ་དམུ་གཤེན་དག་པ་དང་ཡུམ་མདའ་ཟ་མཁར་ལྕམ་གཉིས་ཀྱི་སྲས་སུ་སྤྱི་ལོ་ (༧༠༢-?) ལོར་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་འབྲི་ཀློག་ཚེགས་མེད་དུ་མཁྱེན་པ་དང་། ཆེར་སྐྱེས་རྗེས་རྒྱ་གར་དང་ཞང་ཞུང་བོད་བཅས་ཀྱི་མཁས་པ་དུ་མའི་ཞབས་ལ་བཏུག་ནས་ཐོས་བསམ་རྒྱ་ཆེར་བྱས། ཁོང་གི་སྐུ་དུས་སུ་བོད་དུ་བོན་བན་ཆོས་ལུགས་འཁྲུགས་ཟིང་བྱུང་ནས་བོན་ཆོས་ལ་གོད་ཆགས་ཆེན་པོ་བྱུང་པས། བླ་མ་འདི་ཉིད་ཐུགས་རྒྱ་ཡངས་པོ་ཅན་ཞིག་ཡིན་སྟབས་ཕན་ཚུན་བར་འདོམ་གྱི་ཚུལ་དུ་བཞུགས་ནས་བོན་གྱི་དཔེ་ཆ་དང་རྟེན་གསུམ་སོགས་བོད་ཡུལ་སྟོད་སྨད་ཀྱི་རི་གསེང་ཁག་ལ་ལྐོག་ཏུ་སྦས་སྐུང་མཛད་པ་དང་། བཙན་པོ་ཁྲི་སྲོང་གིས་ཅི་གསུངས་དང་དུ་བླངས་ནས། ཆོས་ལུགས་ཆབ་སྲིད་ཀྱི་དགོས་དང་བསྟུན་ནས་བན་དེའི་གྲྭ་པ་ཡང་ལོ་མང་པོ་ལ་མཛད་མྱོང་བ་རེད། སྐབས་དེར་བན་བོན་གཉིས་རྣོ་དབལ་ལྡན་པའི་འགལ་ཟླའི་ཛ་དྲག་ཁྲོད་དུ། ཁོང་གིས་བོན་ཆོས་རིས་མེད་གནང་སྟེ་དོན་ཐོག་སྔར་སྲོལ་རིག་གནས་མྱུར་སྐྱོབ་ཐད་ལ་སྐུ་ལས་ཆེན་པོ་གནང་མྱོང་། མ་ཟད་དཀར་ནག་རྒྱ་ཡི་མཁས་པ་བསམ་ཡས་སུ་འདུ་འཛོམས་བྱས་པར་དེ་དག་དང་ལྷན་དུ་ཕན་ཚུན་གོ་རྟོགས་སྤེལ་རེས་དང་། བསམ་བློ་བརྗེ་རེས་ཀྱང་རྒྱ་ཆེར་གནང་མྱོང་སྟབས། རིས་མེད་ཀྱི་སྐྱེས་བུ་སྲིད་ན་དཀོན་པ་རུ་གྱུར་པས་རྙིང་མ་བས་རྗེ་འབངས་ཉེར་ལྔའི་གྲལ་དུ་བགྲངས་པ་ཡིན། ཁོང་ཉིད་ཀྱིས་དོན་ཐོག་བོན་ཆོས་ལ་བདག་གཅེས་གནང་གི་ཡོད་སྟབས། རྒྱ་གར་གྱི་མི་སྣ་རེ་འགས་དེ་ལ་ཕྲག་དོག་བྱས་ནས་དུག་ཀྱང་དྲངས་མྱོང་ཡོད། མདོར་ན་སྙིང་སྟོབས་དང་དྲང་བདེན་གྱི་གོ་ཆ་སྐུ་ལ་གསོལ་ནས་སྔར་སྲོལ་བོད་ཀྱི་ཤེས་རིག་གཉན་འཕྲང་ཛ་དྲག་གི་དུས་སུ་བྱས་རྗེས་ཆེན་པོ་བཞག་གནང་ཡོད་དོ། །
དམ་པ་ཁོང་ཉིད་ཀྱི་གསུང་རྩོམ་ལ། <རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་དྲང་ངེས་ཆ་ལག་དང་བཅས་པ> པོད་གཅིག་དང་། <བསྒྲགས་པ་རིན་ཆེན་གླིང་གྲགས> <གཡུང་དྲུང་བོན་གྱི་རྒྱུད་འབུམ> <སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ> <ས་ལམ་དོན་གསལ་སྒྲོན་མེ> སོགས་མང་དུ་ཡོད་དོ། །
སྐབས་འདིར་དོ་སྣང་བྱ་དགོས་ཡུལ་ཞིག་སྟེ་དྲན་པ་ནམ་མཁའ་ནི་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས་མང་པོའི་ཁྲོད་དུ་གསལ་བསྡད་པ་དང་། དེ་ལྟར་ན་དྲན་པ་ནི་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་ལྟར་བུར་བསམ་ངེས་ན་ཡང་། བོན་གྱི་ལོ་རྒྱུས་ཁྲོད་དུ་ཁྲི་སྲོང་དང་གྲི་གུམ་གཉིས་ཀྱི་ལོ་རྒྱུས་གོང་འོག་ཅུང་ཟད་འཁྲུགས་པ་ལས་ཡོང་གི་ཡོད་པ་དེ་ཤེས་དགོས་པའི་གནད་དུ་མཐོང་། གྲི་གུམ་དང་ཁྲི་སྲོང་གཉིས་ཀྱི་ལོ་རྒྱུས་འཁྲུགས་དོན་ནི་དུས་རིམ་དེ་གཉིས་སུ་བོན་ཆོས་ལ་གོད་ཆགས་ཚབས་ཆེན་རེ་བྱུང་སྟབས། སྐབས་དེ་ཤད་གླེང་རྒྱུ་ནི་ཆོས་ལུགས་མི་སྣའི་མཛད་རྗེས་དང་ཆེ་བ་ཡིན་ཕྱིར་ལོ་རྒྱུས་གང་འོག་འཁྲུགས་པའི་གནད་དོན་ཡང་དེར་ཐུག་འདུག་པས་དེ་ལུགས་སུ་དཔྱད་ཞིབ་གནང་བར་ཞུ།། །།