དོན་ངོ་མ་ཤ་རིའི་སྒྲ་མདོ་ཟེར་བ་དེ་ཅི་འདྲ་ཞིག་ཡོད་དམ།
རྩོམ་པ་པོ། དགེ་བཤེས་གཤེན་ཚེ་ཚང་འོད་རྒྱན།
ཉིན་འདི་དག་རིང་རང་རིགས་གང་མང་ཞིག་གིས་དྲ་ལམ་ནས་ཕན་ཚུན་རྒྱུད་གཏང་བྱེད་བཞིན་པའི་གཏམ་གསར་ཞིག་ནི་ཤ་རིའི་སྒྲ་མདོའི་བུ་དཔེ་རྙེད་ཡོད་ཚུལ་དེ་རེད། དེ་རིང་དེའི་སྐོར་གནས་ཚུལ་དོན་དངོས་ཇི་ལྟར་ཡིན་མིན་སྐོར་མཁྱེན་ཡངས་རིན་སྤུན་ཚུལ་བསྟན་ལགས་ཀྱིས་(གསལ་བཤད་དོན་དངོས་མ) ཞེས་པ་ཞིག་སྤེལ་ནས་ཁོང་གིས་དཔེ་ཆ་དེ་ཐོག་མར་ཇི་ལྟར་རྙེད་ཚུལ་གྱི་རྒྱུད་རིམ་ཅུང་ཁ་གསལ་ཙམ་ཞིག་གསུངས་འདུག་པས་ཁོང་ལ་བཀའ་དྲིན་ཆེ་ཞུ།
དོན་ངོ་མ་ང་ཚོར་ཤ་རིའི་སྒྲ་མདོ་ཟེར་བའི་དཔེ་ཆ་ཞིག་བྱུང་མྱོང་ཡོད་པའི་དབང་དུ་གཏོང་ཚེ། དཔེ་ཆ་དེ་གཞུང་ལུགས་སོགས་ཀྱི་བརྗོད་བྱ་འདུས་པའི་སྒྲ་སྦྱོར་གྱི་གླེགས་བམ་ཞིག་ཡིན་ནམ། ཡང་ན་བོན་དཔེ་ག་གེ་མོ་ཞིག་གི་ནང་དུ་ཞང་བོད་ཀྱི་སྐད་གཉིས་ཐང་བསྡེབས་ཐད་ཀམ་ལ་སོགས་ཅི་རིགས་བྱས་པའི་ལེའུ་ཚན་ཞིག་ཡིན། དཔེར་ན་ད་ལྟ་མཇལ་ཡུལ་དུ་གྱུར་པའི་སྣང་སྲིད་མཛོད་ཕུག་ལྟ་བུ། ཡང་ན་གཟུངས་སྔགས་ཀློག་ཐབས་ཀྱི་མན་ངག་སྒྲ་བསྡེབས་ལྟ་བུ་ཞིག་སྟེ། དཔེར་ན་ཀུན་གྲོལ་གྱིས་མཛད་པའི་སྔགས་འགྲིག་སྐོར་ལྟ་བུ།
ཡང་ན་སྐད་གཉིས་སམ་དེ་ལས་མང་བའི་མིང་གཞི་འགྲེལ་བའི་ཚིག་མཛོད་ཅིག་ཡིན། དེ་མིན་ཚིག་གི་སྦྱོར་བ་དང་འབྱུང་ཁམས་ནུས་རྩོལ་སྦྱོར་སྟངས་ཀྱི་དེང་གི་སུམ་རྟགས་ལྟ་བུ་ཞིག་ཡིན། འདིའི་སྐོར་བསམ་གཞིག་མང་པོ་ཞིག་བྱ་དགོས་འབྱུང་ས་རེད་སྙམ།
ཅི་སྟེ་བྱུང་མྱོང་ཡོད་པའི་ཤ་རིའི་སྒྲ་མདོ་དེ་གཞུང་ལུགས་ཀྱི་བརྗོད་བྱ་འདུས་པའི་སྒྲ་སྦྱོར་གླེགས་བམ་མམ། ཡང་ན་བརྗོད་བྱ་དེ་འབྲེལ་ཞང་བོད་ཀྱི་སྐད་གཉིས་བསྡེབས་པའི་སྒོས་ཚན་གྱི་ལེའུ་སྤྱིར་བཏང་བ་ཞིག་ཡིན་ན། དེ་ནི་དམིགས་བསལ་བ་ཞིག་གང་ཡང་མིན་ཏེ། དེ་འདྲའི་སྒྲ་ཐང་བསྡེབས་དང་ཐད་ཀམ་ཅི་རིགས་སུ་བསྡེབ་པ་ད་ལྟའི་བོན་གྱི་དཔེ་རྙིང་ཁྲོད་ན་ཉུང་དྲགས་མེད་པས་སོ། །
དེ་མིན་དེང་སང་སྤྱོད་བཞིན་པའི་མིང་འགྲེལ་གྱི་ཚིག་མཛོད་ཅིག་གམ། ཡང་ན་ཞང་བོད་ཀྱི་སྐད་བརྡ་རིག་པའི་མ་ལག་ཆ་ཚང་འགྲུབ་པའི་གཞུང་རང་འགར་བ་ཞིག་སྟེ། དེང་གི་སུམ་ཅུ་པ་དང་རྟགས་འཇུག་ཏུ་འབོད་པ་འདི་ལྟ་བུ་ཞིག་ཡོད་ན་ནི་ཆེས་ངོམ་རིན་ཆོག་པ་ཞིག་ཅི་ལ་མིན། ཡིན་ནའང་ཁར་ས་དེ་རིང་དྲ་ལམ་ནས་མཇལ་བཞིན་པའི་(མཁས་པ་ཤ་རིའི་སྒྲ་འབུམ་ལས། སྒྲ་མདོ་དག་ཡིག་གསལ་བའི་ཉི་མ།) ཞེས་པ་དེའི་སྡེབས་མ་དེ་ཚོའི་ངོས་སུ་མཇལ་བའི་འགྲོས་དེར་ལྟ་ན་སྣང་སྲིད་མཛོད་ཕུག་དང་ཡེ་ཁྲི། མ་རྒྱུད་སོགས་ལས་བྱུང་བའི་གཞུང་ག་གེ་མོའི་ཚིག་དག་སྐད་གཉིས་སུ་བསྡེབས་པའམ། གསང་སྔགས་ཀྱི་སྙིང་པོ་ཡིག་འབྲུ་དེ་དག་བསྐྱེད་སྒོམ་སྐབས་སུ་སྒྲ་ཡི་ནུས་རྩོལ་བཀོལ་སྟངས་བཤད་པ་དེ་དག་ཁྱད་པར་ཆེར་མི་འདུག་པས། ཅི་སྟེ་(སྒྲ་མདོ་དག་ཡིག་གསལ་བའི་ཉི་མ།)ཞེས་པ་འདི་ཤ་རིའི་སྒྲ་མདོའི་བུ་དཔེ་ཡིན་སོང་ན། བོན་ཕྱོགས་སུ་ད་བར་རྟོག་བཏགས་གལ་ཆེན་བྱས་པའི་ཤ་རིའི་སྒྲ་མདོའི་མཚན་སྙན་དེ་ཡང་དེ་ཙམ་ལས་མ་འདས།
སྤྱིར་བཏང་ང་ཚོས་ད་བར་ཤ་རིའི་སྒྲ་མདོ་ཟེར་དུས་ཞང་སྐད་ཀྱི་སྦྱོར་ཚུལ་དང་འཕྲད། སྔོན་མིང་རྗེས་གསུམ། དེ་བཞིན་མིང་འགྲེལ་སྐད་བརྡ་རིག་པ་ལྟ་བུའི་སྒྲ་གཞུང་ཚད་ལྡན་ཞིག་ལ་བསམ་བློ་གཏོང་བཞིན་པ་ནི་ནོར་ཡོད་སྲིད་དེ། དོན་དངོས་ཤ་རིའི་སྒྲ་མདོ་ཡོད་ཚེ། དེ་ནི་བོན་གྱི་གཞུང་ལུགས་གང་ཡང་རུང་བ་ཞིག་གི་བརྗོད་བྱ་ཁག་ཞང་བོད་སྐད་གཉིས་ཟུང་འབྲེལ་དུ་བསྡེབས་པ། དཔེར་ན་སྣང་སྲིད་མཛོད་ཕུག་ལྟ་བུའམ། ཡང་ན་མདོ་འབུམ་གཟུངས་སྡེའི་ཁོངས་སུ་བྱོན་པའི་སྔགས་འགྲེལ་ལྟ་བུ་ཞིག་ཀྱང་ཡིན་སྲིད།
ད་བར་བོན་གྱི་ལོ་རྒྱུས་ཡིག་ཆ་ནང་ཤ་རིའི་སྒྲ་མདོ་ཞེས་པའི་ཐ་སྙད་དངོས་སུ་བཀོལ་མཁན་གཅིག་ནི། ༧སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་ (༡༨༡༣ – ༡༨༧༠) ཁོང་རེད། ཁོང་གིས་མཛད་པའི་(བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད་ལས།) “ སྒྲ་ཚད་རིག་པའི་བཀའ་བརྟེན་ནི། ཤ་རིས་མཛད་པའི་སྒྲ་མདོ་སོགས་དང་། བླ་ཆེན་དྲན་པས་མཛད་པའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག སྐུ་གཤེན་པྲ་ཕུད་ཀྱིས་ཞུས་ཏེ་ལོ་པཎ་ཤ་རི་དབུ་ཆེན་གྱིས་གསུངས་པའི་གཏན་ཚིགས་ངེས་པའི་གལ་མདོ་དང་། དེ་དག་གི་དགོངས་འགྲེལ་འགྲོ་མགོན་བློ་གྲོས་ཀྱི་ཚད་མ་ཀུན་ལས་བཏུས་པ་དང་། སྙ་ཆེན་ལི་ཤུས་གསུངས་པའི་རྫོགས་ཆེན་གྱི་ཆ་ལག་ཚད་མའི་རྒྱུད་གཞུང་རྣམས་དང་། རྒྱལ་བ་མཉམ་མེད་ཆེན་པོས་མཛད་པའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་རང་འབྲེལ་བཅས་པ་རྣམས་དང་། “ ཞེས་དང་།
ཡང་ཁོང་གིས་མཛད་པའི་ (ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ་ལས།) “ དང་པོ་ལ་ཚིག་གི་ཆ་གཏན་ལ་འབེབས་པའི་བཀའ་བརྟེན་དང༌། དོན་གྱི་ཆ་གཏན་ལ་འབེབས་པའི་བཀའ་བརྟེན་གཉིས། དང་པོ་ནི། ཤ་རི་དབུ་ཆེན་གྱི་སྒྲ་མདོ་ལྟ་བུའོ། །གཉིས་པ་ནི་བསྒྲགས་པ་གླིང་གྲགས་དང་དྲན་པས་མཛད་པའི་ཚད་མ་རྣམ་འབྱེད་འཕྲུལ་ལྡེ་ལྟ་བུའོ། །“ ཞེས། ཁོང་གི་གསུང་རྩོམ་གལ་ཆེན་གཉིས་ནང་ཐ་སྙད་དེ་ཐེངས་གཉིས་བཀོལ་གནང་བ་ནི། ཤ་རིས་མཛད་པའི་སྒྲ་གཞུང་ཞིག་ཡོད་པར་བསྟན་པའམ་ཡང་ན། གོང་དུ་”ཤ་རིས་མཛད་པའི་སྒྲ་མདོ་སོགས་” ཞེས་གསུངས་ཚུལ་ལ་བརྟག་ན། ཤ་རི་དབུ་ཆེན་སོགས་ཀྱིས་བརྩམས་པའི་ཞང་སྐད་འདྲིས་མའི་སྒྲ་འགྲེལ་དང་། གབ་འགྲེལ་སོགས་སྤྱི་ཡོངས་ལ་གསུངས་ཞིག་ཀྱང་ཡིན་སྲིད་པ་རེད།
ད་ལྟ་ང་ཚོས་སྤྱོད་བཞིན་པའི་ཞང་ཞུང་སྒྲ་བསྡེབས་སམ་(སྒྲ་ཡི་དོན་བསྡེབས་སྣང་གསལ་སྒྲོན་མེ) འདི་ཉིད་སྣང་སྲིད་མཛོད་ཕུག་དང་བོན་གྱི་མདོ་མང་གཟུངས་སྡེ་སོགས་ནས་ཞུ་ཡས་ཉི་མ་གྲགས་པས་བཏུས་ཏེ་བསྒྲིགས་པ་ཞིག་ཡིན་ལ། དེར་སྤྱིར་འཛམ་གླིང་སྤྱི་ཡི་སྐད་དང་སྒོས་ཞང་བོད་ཀྱི་སྐད་རིགས་ཇི་ལྟར་གྲོལ་ཚུལ་དང་། སྒྲ་ཚད་ཀྱི་གཞུང་ཇི་ལྟར་བྱུང་ཚུལ་རྒྱས་པོ་གསུངས་ཡོད་ཀྱང་ཤ་རིའི་སྒྲ་མདོ་སྐོར་ཚིག་གཅིག་ཀྱང་གསུངས་མེད། དེར་ཁྱད་དུ་“ ད་ལྟའི་སྐབས་འདིར། ཞང་ཞུང་གི་པནྚི་ཏ་ཆེན་པོ་སད་ནེ་གའུ་ལ་སོགས་ཀྱིས་བསྒྱུར་བའི་སྐད། ཞང་ཞུང་སྨར་གྱི་སྐད་སྟོན་ཏེ།” ཞེས། ཞང་བོད་ཀྱི་ལོ་ཙཱ་བ་སད་ནེ་གའུ་གཙོ་འདོན་ལྟ་བུ་ཞིག་མཛད་ཡོད་ཀྱང་སད་ནེ་གའུས་མཛད་པའི་སྒྲ་གཞུང་སོགས་ཡོད་པར་མ་གསུངས། དེ་མིན་ཕྱིས་བྱུང་༧དཔོན་སློབ་ཀུན་གསལ་བློ་གྲོས་ཀྱིས་མཛད་པའི་(ཞང་བོད་ཀྱི་སྐད་གཉིས་ཤན་སྦྱར་སྒྲ་ཡི་རྟོགས་བརྗོད) སོགས་ནི་ཡུལ་དུས་དབང་གིས་ཞིབ་ཕྲ་མཇལ་མ་ཐུབ་པས་དེར་ཤ་རིའི་སྐོར་འཁོད་ཡོད་མེད་མ་ཤེས།
ཁྱུང་པོ་སྟེང་ཆེན་དགོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས་པའི་(གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་དཀར་ཆག་རྒྱས་པ་སྣང་སྟོན་བློ་གྲོས་སྒོ་འབྱེད་) ཅེས་པ་ལས། “ འདིར་གཡུང་དྲུང་བོན་གྱིས་བསྡུས་པའི་གསུང་རབ་སངས་རྒྱས་ཀྱི་བཀའ་ལ་བརྟེན་ཏེ་གངས་ཅན་གྱི་བོད་ཀྱི་སྐད་དུ་བསྒྱུར་བའམ་འགྱུར་བའི་ཚོགས་ཡུལ་དུས་འདིར་མཆིས་ཤིང་བཞུགས་པའི་དངོས་པོའི་ཐོ་བཀོད་པ་ལ། ” ཞེས་པས་ནས། “ རིག་གནས་ཀྱི་བཀའ་བརྟེན་སྐབས། །ཤ་རི་དབུ་ཆེན་གྱིས་མཛད་པའི་ཤ་རིའི་སྒྲ་མདོ་ཞེས་པ་དང་། །བླ་ཆེན་དྲན་པས་མཛད་པའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་དང་། །སྐུ་གཤེན་མ་ངོར་པྲ་ཕུད་ཀྱིས་ཞུས་ངོར་ལོ་པན་ཤ་རི་དབུ་ཆེན་གྱིས་མཛད་པའི་ཤ་རིའི་གལ་མདོའམ་གཏན་ཚིག་ངེས་པའི་གལ་མདོ་དང་།” ཞེས། ད་ལྟར་དངོས་སུ་བཞུགས་པའི་བཀའ་བརྟེན་དཔེ་ཐོའི་ནང་དུ་ཤ་རིའི་སྒྲ་མདོ་བཞག་གནང་འདུག་པས་ཁོང་རྣམ་པར་རྒྱུ་མཚན་ཞིག་ཡོད་རྒྱུ་རེད་དྲན།
ད་བར་ང་ཚོའི་སྤྱི་ཚོགས་ཁྲོད་ནས་ཤ་རིའི་སྒྲ་མདོ་ཟེར་བའི་སྒྲ་བསྡེབས་དཔེ་ཆ་རྩ་ཆེ་ཞིག་ཡོད་ལུགས་དང་། དེ་ཡང་རྩ་ཆེ་དྲགས་ནས་དཔེ་བཤུ་ཙམ་ཡང་བྱས་མ་ཕོད་ནས་དཔེ་བདག་གཅིག་རྒྱུད་ཀྱིས་རིམ་པར་རྩ་ཆད་སོང་ཚུལ་སོགས་བཤད་སྲོལ་ཡོད་ལ། བཤད་སྲོལ་དེའང་ཡུལ་ལུང་མི་འདྲ་བར་གནའ་གཏམ་མི་འདྲ་བ་རེ་འཆད་བཞིན་ཡོད་ཚོད་ལ། དམངས་ཁྲོད་ཀྱི་གཏམ་རྒྱུད་དེ་དག་སུ་བདེན་སུ་རྫུན་གྱི་ཁ་ཚོན་གཅོད་ཐུབ་པ་ཞིག་ཀྱང་མ་རེད།
ལོ་གཉིས་གསུམ་གོང་ནས་གུས་པའི་ལག་ཏུ་(རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་དུ་ཡོད་པའི་ལོ་རྒྱུས་ཡིག་ཚང་རྣམས་ཀྱི་མཚན་བྱང་དང་མཛད་པ་པོ་སུ་ཟིན་སྐོར།) ཞེས་པ། ད་ལྟ་མཇལ་ཡུལ་དུ་བཞུགས་ལ་གལ་ཆེའི་ལོ་རྒྱུས་ཡིག་ཚང་གྲངས་ ༡༧༥ ཀྱི་མཚན་སོགས་འཁོད་པ་ཞིག་རག་སོང་བ་དེའི་ནང་། “ 《ཤ་རིའི་སྒྲ་མདོ། 》 མཛད་པ་པོ་སོགས་མི་གསལ། རྒྱལ་རོང་ཁོག་གི་དཔེ་རྙིང་ལག་བྲིས་མ།” ཞེས། མི་ཞིག་གིས་རྒྱལ་རོང་ཁོག་ནས་ཤ་རིའི་སྒྲ་མདོ་ཟེར་བའི་དཔེ་ཆ་ལག་བྲིས་མ་ཞིག་རྙེད་ཡོད་པ་ལྟ་བུ་ཞིག་འདུག རྗེས་སུ་འགྲེལ་ཡོད་འགའ་ཞིག་ལ་དེའི་སྐོར་སྐད་ཆ་དྲིས་སྐབས་གོང་སྨོས་དཔེ་ཐོ་བསྡུ་བསྒྲིགས་བྱེད་མཁན་ནི་བན་ཤུལ་དཔལ་མཁར་རྒྱལ་ཟེར་བ་དེ་ཡིན་ཚུལ་དང་། རྒྱལ་རོང་ཁོག་ནས་རྙེད་མཁན་དེའང་བན་ཤུལ་ཟེར་བ་དེ་ཡིན་ཚུལ་ཙམ་ལས་གནས་ཚུལ་ཕུག་ཆོད་པ་ཞིག་མ་རྙེད། གཅིག་བྱས་ན་བན་ཤུལ་བས་(རྙེད་མཁན་ཁོང་ཡིན་མིན་ཏག་ཏག་མ་ཤེས)་མཐོང་བའི་ཤ་རིའི་སྒྲ་མདོ་ཟེར་བ་དེ་དེང་སང་དྲ་སྟེང་དུ་ཁྱབ་བཞིན་པའི་ཞང་སྐད་ལ་མཆན་བཏགས་པ་འདི་ཡིན་སྲིད་དེ། མི་དེས་རྒྱལ་རོང་ཁོག་ནས་རྙེད་པ་དང་འདི་གཉིས་ཀར་མཛད་བྱང་སོགས་ལ་གསལ་ཁ་དེ་ཙམ་མེད་ལུགས་འདྲ་བས་སོ། །
དེ་མིན་གོང་སྨྲས་རྒྱལ་རོང་ཁོག་ནའང་ཤ་རིའི་སྒྲ་མདོ་ཟེར་བ་ཞིག་ཡོད་ཚེ་འབྲེལ་ཡོད་ཚོས་འཚོལ་ཐབས་གནང་རྒྱུ་གལ་ཆེན་རེད་སྙམ་མོ།། །།
ཞེས་ཤ་རིའི་སྒྲ་མདོའི་བུ་དཔེ་རྙེད་ཡོད་ཚུལ་གྱི་གཏམ་འཕྲིན་ཞིག་གང་སར་ཁྱབ་བཞིན་པར་བསམ་གཞིག་ཚུལ་དུ་དགེ་ཧི་མ་ལ་ཡའི་རྒྱལ་སྲས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༨ ཉིན་འཇར་མན་ཡུལ་དུ་བྲིས།། །།