དུས་རབས་བདུན་པའི་ཡར་སྔོན་དུ་བོད་རང་ས་ནས་དར་བའི་བོད་ཀྱི་ཚད་མ་རིག་པའི་རྣམ་བཞག་ཡོད་པའི་སྐོར།
དུས་རབས་བདུན་པའི་ཡར་སྔོན་དུ་བོད་རང་ས་ནས་དར་བའི་བོད་ཀྱི་ཚད་མ་རིག་པའི་རྣམ་བཞག་གམ་མཚན་ཉིད་པའི་རིག་ལམ་སྐོར་གྱི་གལ་གནད་རེ་ཞིག་ལ་དཔྱད་པའི་གཏམ་བདེན་པའི་དྲང་ཤིང་། །
Tsewang Nima Lama ཚེ་དབང་ཉི་མ། (ཞིང་གཤེགས་དགེ་བཤེས་ཉི་མ་རྒྱལ་མཚན།)
སྤྱིར་དུས་ཕྱིས་མཁས་རློམ་ཕལ་མོ་ཆེས་བོད་ཀྱི་ཚད་མ་རིག་པའི་རྣམ་བཞག་དང་གཞུང་ལུགས་ཁག་ཚང་མ་རྒྱ་གར་དཔལ་ནཱ་ལེན་ཏྲ་ནས་དུས་རབས་བདུན་པའི་རྗེས་སུ་བོད་དུ་བསྒྱུར་ནས་དར་བ་ཞིག་ཡིན་པར་སྨྲ་ནའང་། དོན་དངོས་ཐོག་བཤད་པ་ཡིན་ན་དེ་ལྟར་མ་ཡིན་པའི་རྒྱུ་མཚན་ཁུངས་ལྡན་མང་པོ་ཞིག་གིས་དངོས་་ར་སྤྲོད་ཐུབ་ཀྱི་ཡོད་པའི་དན་རྟགས་ཁ་ཤས་ཤིག་ད་ལན་སྐབས་འདིར་གླེང་འདོད་བྱུང་། དངོས་གཞིའི་གནད་དོན།
༡) སྤྱི་ལོའི་དུས་རབས་བདུན་པའི་ཡར་སྔོན་ནས་བོད་གངས་ཅན་ལྗོངས་སུ་དར་བའི་གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་ནང་གསལ་བའི་ཚད་མ་རིག་པའི་རྣམ་བཞག་གཏིང་ཟབ་པོ་བྱུང་ཡོད་པ་རེད།ལྷག་པར་དུ་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་བཀའ་ཚད་མ་(རྩོད་སྤོང་སྨྲ་བའི་སེང་གེ) (མན་ངག་ལུང་གི་ཚད་མ།) (གཞི་ཡེ་སངས་རྒྱས་པའི་རྒྱུད།) (དབལ་གསས་རྩོད་ཟློག་གི་རྒྱུད།) སོགས་ཐེག་པ་ཆེན་པོ་གསང་བ་སྔགས་དང་རྫོགས་པ་ཆེན་པོ་གཉིས་ཀྱི་ཡན་ལག་ཏུ་གྱུར་པའི་ཚད་མ་རིག་པའི་རྣམ་བཞག་གི་གལ་གནད་ཕུན་སུམ་ཚོགས་པ་ཞིག་ཡོད་པར་བསྟན་རྒྱུ་དང་། གོང་གསལ་གྱི་བཀའ་དེ་དག་ལ་གཞི་བཅོལ་ཏེ་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་མཆོག་སྙ་ཆེན་ལི་ཤུ་སྟག་རིང་(B.C175F)གིས་མཛད་པའི་ཚད་མ་གལ་མདོ། བླ་ཆེན་དྲན་པ་ནམ་མཁས་(B.C914)མཛད་པའི་རྣམ་འབྱེད་འཕྲུལ་ལྡེ། མཛོད་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་སོགས་སྤྱི་ལོའི་དུས་རབས་འགོ་མ་ཚུགས་སྔོན་ནས་མཛད་པའི་བོན་གྱི་ཚད་མ་རིག་པའི་བཀའ་བརྟེན་ཇི་སྙེད་ཅིག་བྱུང་ཡོད་པའི་སྐོར་གསལ་བཤད་བྱ་རྒྱུ།
༢) མདོར་ན་ཞང་བོད་གཉིས་ཀྱི་ལྗོངས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཚད་མ་རིག་པའི་རྣམ་བཞག་འདི་དག་དུས་རབས་བདུན་པའི་ཡར་སྔོན་ནས་བྱུང་ཡོད་པ་གསལ་པོར་བསྒྲུབ་ཐུབ་ངེས་རེད་སྙམ།གོང་གསལ་གྱི་གཞུང་ལུགས་ཁག་ནས་གསུངས་པའི་གནད་ཚིག་དཔེར་མཚོན་རེ་ཞིག་ཞུས་ན། (དབལ་གསས་རྩོད་ཟློག་གི་རྒྱུད་) ལས་ཚད་མ་དྲུག་གིས་མི་མཚོན་ན། གྲི་མེད་གཡག་རོ་བཤའ་བ་འདྲ། ཞེས་དང་། (གཞི་ཡེ་སངས་རྒྱས་པའི་རྒྱུད་) ལས། ཞུགས་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང་། །འཇུག་པ་དཔེ་ལ་གོམས་པས་རྗེས་སུ་ངེས། །ལྡོག་པ་མི་མཐུན་ཕྱོགས་ལས་མེད་པར་མཁྱེན། །ཞུགས་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས། ཞེས་དང་། (མཛོད་སྒྲ་འགྲེལ་) ལས། ཐལ་འགྱུར་གཞན་དུ་འཆུག་པའི་སྒྲ། །ཁྱབ་པ་འདོད་པ་སྤོང་སྒྲུབ་སྒྲ། །ཞེས་སོགས་ཐུན་མོང་མ་ཡིན་པའི་བོད་ཀྱི་ཚད་མ་རིག་པའི་རྣམ་བཞག་ལས་རྟགས་ཁྱབ་གསལ་གསུམ་བཀོད་དེ་ཚུལ་གསུམ་ (༡ ཕྱོགས་བོན། ༢ རྗེས་ཁྱབ། ༣ ལྡོག་ཁྱབ།) གྱི་སྒོ་ནས་རྩོད་པ་རྩོད་ལན་ཏེ་ཐལ་འགྱུར་གྱི་ལན་འདེབས་གནང་རྒྱུའི་ལམ་སྲོལ་དེ་དག་ཞང་བོད་གཉིས་མ་གཏོགས་རྒྱལ་ཁབ་གཞན་པ་གང་ལའང་དར་མྱོང་མེད་པའི་རྒྱུ་མཚན་མང་པོ་ཡོད་པར་སེམས། བོད་ཀྱི་ཚད་མ་རིག་པའི་རྣམ་བཞག་གམ་མཚན་ཉིད་པའི་རིག་ལམ་གྱི་འགྲོས་ཏེ་སྔ་རྒོལ་གྱིས་རྟགས་ཁྱབ་གསལ་གསུམ་ལ་ཕྱི་རྒོལ་གྱིས་ཐལ་འགྱུར་ལན་རྣམ་པ་གསུམ་གང་རུང་གི་སྒོ་ནས་ལན་འདེབས་གནང་སྐབས་འགྲེལ་བཤད་མང་པོ་མི་དགོས་པར་(འདོད་) (རྟགས་མ་གྲུབ་) (མ་ཁྱབ་) ཅེས་པ་སོགས་ལན་འདེབས་ཀྱིས་གོ་བརྡ་ཡང་དག་པར་འཕྲོད་པ་ནི་བོད་ཀྱི་སྐད་ཡིག་ལས་གཞན་གང་གི་སྐད་ཡིག་ཐོག་ནས་དེ་ལྟར་བོད་ཀྱི་ཚད་མ་རིག་པའི་རྣམ་བཞག་གམ་མཚན་ཉིད་པའི་རིག་འགྲོས་འདི་ལྟར་མེད་པའི་གནད་ཀྱིས་འདི་ལྟའི་རིག་ལམ་གྱི་འགྲོས་དེ་ཐོག་མར་བོད་རང་ས་ནས་དར་ཁྱབ་བྱུང་ཡོད་པར་རིག་པའི་ལམ་ནས་མངོན་དུ་གྲུབ་པའོ། །
༣) དེས་ན་མཁས་པ་ཚོས་ཡང་ནས་ཡང་དུ་གསུངས་དོན་ལ་མཚན་ཉིད་པའི་རིག་ལམ་གྱི་འགྲོས་དེ་བོད་ཀྱི་སྐད་ཡིག་ཐོག་ནས་མ་གཏོགས་གཞན་པའི་སྐད་ཡིག་ཐོག་ནས་འཐུས་སྒོ་ཚང་བ་ཞིག་སྟོན་ཐུབ་ཀྱི་ཡོད་མ་རེད་གསུངས་པའི་གནད་དོན་དེ་གོང་ཞུས་ལྟར་ཐོག་མར་དར་སྲོལ་བྱུང་བའི་ཁུ ངས་ངོ་མ་དེ་གང་ཡིན་གསལ་པོར་ཤེས་ནུས། མདོར་ན་ད་ལན་ཁོ་བོས་དུས་རབས་བདུན་པའི་ཡར་སྔོན་དུ་ཞང་བོད་གཉིས་ཀྱི་ལྗོངས་སུ་བོད་ཀྱི་ཚད་མ་རིག་པའི་རྣམ་བཞག་འདི་དར་ཁྱབ་རྒྱ་ཆེན་པོ་བྱུང་ཡོད་པ་དང་དེ་ཡང་སློབ་གཉེར་བྱ་སའི་ས་གནས་ནི་བོན་གྱི་འདུ་གནས་སོ་བདུན་སོགས་སུ་ཡིན་པར་ལོ་རྒྱུས་ཀྱི་དངོས་ར་སྤྲོད་ཀྱི་ཡོད།
ཅེས་འདུས་སྡེ་ཆེན་པོ་སུམ་ཅུ་སོ་བདུན་སོགས་ལོ་རྒྱུས་ལས་གསལ་བ་ལྟར་དེ་དག་གི་ཞིག་ཤུལ་མང་ཆེ་བ་དེང་ཆར་བོད་ཡུལ་རུ་བཞིའི་ས་གནས་ཁག་མང་པོ་ནས་ངོ་སྤྲོད་ཞུ་རྒྱུ་བཅས་ཀྱི་དཔྱད་རྩོམ་སྙིང་བསྡུས་འདི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བཞི་པར་གཏམ་བཤད་བརྗོད་བྱར་ཕུལ།། །།