དར་ཚོན་སྣ་ལྔའི་བྱུང་ཁུངས་ཇི་འདྲ་རེད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཧོར་འབྲོག་པ།
དྲི་བ། དར་མཚོན་སྣ་ལྔའི་འབྱུང་ཁུངས་ཇི་འདྲ་རེད།
ལན། སྤྱིར་བཏང་དར་ཚོན་སྣ་ལྔའི་བྱུང་སྟངས་ཁོ་ན་ཞིག་མ་མཇལ་ཡང་། ཕྱི་འབྱུང་ལྔའི་ཁ་དོག་དང་ནང་བཞི་བསྡུས་ཀྱི་ཕུང་ཁམས་གྲུབ་ཚུལ་དང་འབྲེལ་ནས་འབྱུང་ལྔའི་གྲུབ་ཚུལ་དང་ཁ་དོག་འཆར་ཚུལ་ཡོད་པ་ལྟར། དེའང་སྒྲོན་འགྲེལ་ལས། “ཕྱི་སྣོད་འཇིག་རྟེན་སེམས་ལ་ཤར་ཚུལ་ནི། ནམ་མཁའི་འོད་དང་རིག་པ་འབྲེལ་བ་ལས། གྱ་གྱུར་རླུང་ཏེ་ཕྱད་དང་ཕྱེད་དུ་བྱུང༌། སྐྱོད་པའི་ཤུགས་ལས་ཚ་བའི་མེ་རུ་བྱུང༌། མེ་རླུང་ཚ་གྲངའཐབ་པས་རླན་ཏེ་ཆུ་རུ་བྱུང༌། ཆུ་ཡི་བཅུད་ལས་བསྐྱེད་པའི་ས་གཞིར་གྱུར། སྣོད་ཡི་འཇིག་རྟེན་ཐམས་ཅད་དེ་ལས་ཆགས།” ཞེས་དང་། དེ་བཞིན་ནང་བཅུད་གྲུབ་ཚུལ་སྐབས་སུ་དེ་ཉིད་ལས། “བཞི་བསྡུས་ཀྱི་ཕུང་པོ་ནམ་མཁའ་ནས་ཡར་ཆགས་ཏེ། ནམ་མཁའ་ལས་རླུང་བྱུང༌། རླུང་ལས་མེ། མེ་ལས་ཆུ། ཆུ་ལས་ས་ཆགས།” ཞེས་པ་སོགས་ཀྱི་སྐབས་འབྱུང་བའི་ཆགས་ཚུལ་དང་འབྲེལ། ངན་སོང་སྒོ་མོ་གཅོད་པའི་མདོ་ལས དར་ཚོན་སྣ་ལྔའམ་ཀླུང་དར་གྱི་ཁ་དོག་སྟེ་དཔེར་ན། “སེར་པོ་གསེར་མདོག་ས་ཡི་དར། །ལྗང་ཁུ་འཕེན་དར་རླུང་གི་དར། །དམར་པོ་ལེབ་རྒན་མེ་ཡི་དར། །སྔོན་པོ་གཡུ་མདོག་ཆུ་ཡི་དར། །དཀར་པོ་ཤེལ་མདོག་ནམ་མཁའི་དར།” །ཞེས་སོགས་གསུངས་པར་བརྟག་ན་དར་ཚོན་སྣ་ལྔ་ནི་ཕྱི་འབྱུང་བའི་ཁ་དོག་དང་ནང་བཅུད་ཡེ་ཤེས་ལྔ་ཡི་ངོ་བོའམ་འཆར་ཚུལ་མཚོན་པ་སྟེ། ཕྱི་སྣོད་འབྱུང་བ་ལྔ་ཡི་ནུས་སྟོབས་དང་ནང་ཡེ་ཤེས་ལྔ་ཡི་དངས་མ་ལ་བརྟེན་ཏེ་གེག་སེལ་དང་ཀླུང་རྟ་འཕེལ་ཆེད་མི་རྣམས་ཀྱིས་དར་ཚོན་སྣ་ལྔ་སོགས་བེད་སྤྱོད་བཞིན་ཡོད་པར་སྙམ། །